༄༅། ། ༸སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་ཆེ།
༸སྐྱབས་རྗེ་ཀརྨ་སྐུ་ཆེན་ཐུབ་བསྟན་ཚུལ་ཁྲིམས་ནོར་བུ་འོད་ཟེར་ཀུན་ཁྱབ་དཔལ་བཟང་པོ་མཆོག་ནི། ཕྱི་ལོ་ ༡༩༧༠ ཟླ་ ༨ ཚེས་ ༢༨ ཉིན་སྐུ་འཁྲུངས། ༸སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་གིས་དཔལ་ཡུལ་བའི་གདན་རབས་བཅུ་པ་ཀརྨ་ཐེག་མཆོག་སྙིང་པོའི་ཡང་སྲིད་དུ་ངོས་འཛིན་མཛད། ཕྱི་ལོ་ ༡༩༧༥ ལོར་༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་མཆོག་གིས་རྣམ་གྲོལ་གླིང་དུ་གདན་དྲངས་ཏེ་གསེར་ཁྲིར་མངའ་གསོལ་མཛད། གནས་མཆོག་རྡོ་རྗེ་གདན་དུ་༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་མཆོག་གི་སྐུ་མདུན་ནས་དགེ་ཚུལ་སྔོན་དུ་འགྲོ་བའི་བསྙེན་རྫོགས་ཀྱི་སྡོམ་པ་ལེགས་པར་མནོས་ཤིང་། ཐུབ་བསྟན་ཚུལ་ཁྲིམས་ནོར་བུ་འོད་ཟེར་ཀུན་ཁྱབ་དཔལ་བཟང་པོ་ཞེས་མཚན་གྱི་ཅོད་པན་བསྩལ། ཐུན་མོང་གི་རིག་གནས་དང་། རྒྱལ་བ་གོང་མའི་ཕྱག་བཞེས་རྣམས་ལ་སྦྱང་བརྩོན་ལེགས་པར་མཛད་ཅིང་། རིམ་བཞིན་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དུ་བཞུགས་ནས་གཞུང་ཆེན་སོགས་ལ་གསན་བསམ་གནང་། གཞན་ཡང་༸སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་མཆོག་གིས་གཙོས་དགེ་བའི་བཤེས་གཉེན་དུ་མ་ལས་ཐུན་མོང་དང་ཐུན་མིན་གྱི་ཟབ་ཆོས་རྣམས་བུམ་པ་གང་བྱོའི་ཚུལ་དུ་ཞུས་ནས་ཐུགས་རྒྱུད་དང་འདྲེས་པར་མཛད།
ཕྱི་ལོ་ ༡༩༩༤ ལོར་༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་མཆོག་གི་བཀའ་དགོངས་ལྟར་ཤར་རྒྱལ་བ་དཔལ་ཡུལ་བའི་གདན་ས་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་དུ་ཞབས་སོར་འཁོད་དེ། ཕྱི་ལོ་ ༢༠༠༠
ལོར་དཔལ་ཡུལ་བའི་གདན་རབས་བཅུ་གཉིས་པའི་ཆོས་ཀྱི་ཁྲི་འཕང་མཐོན་པོར་མངའ་གསོལ་མཛད་ནས། ད་ལྟའི་བར་རྒྱལ་ཕྱི་ནང་གི་དཔལ་ཡུལ་བའི་མ་དགོན་ཡན་ལག་དང་བཅས་པ་ལ་གཟིགས་སྐྱོང་དང་། རྒྱལ་བསྟན་སྤྱི་དང་བྱེ་བྲག་སྔ་འགྱུར་བའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད་དང་མཛད་མུས་སུ་བཞུགས་བཞིན་པའོ།།
༄༅། ། རྣམ་གླིང་དབུ་འཛིན་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་ནི།
ཕྱི་ལོ་ ༡༩༧༢ ལོར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་སྐུ་འཁྲུངས་ཤིང༌།་འདིར་གདན་དྲངས་ཏེ་ཁྲི་འདོན་མཛད། གཞན་ཡང་༸སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་དང༌། ༸སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ། ༸མཁན་ཆེན་འཇིགས་མེད་ཕུན་ཚོགས། སྨྱོ་ཤུལ་མཁན་རིན་པོ་ཆེ་སོགས་ལས་དབང་ལུང་ཁྲིད་གསུམ་གསན། ཁྱད་པར་དུ་༸སྐྱབས་རྗེ་རིན་པོ་ཆེ་མཆོག་གི་མདུན་ནས་བཀའ་གཏེར་སྤྱི་དང༌། གནམ་ཆོས་ཀྱི་ཆོས་སྐོར་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་གསན། ཕྱི་ལོ་ ༡༩༩༤ ལོར་རྡོར་གདན་བྱང་ཆུབ་ཤིང་དྲུང་དུ་༸སྐྱབས་རྗེ་མཆོག་གི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། ༡༩༨༦ ལོར་སྔ་འགྱུར་མཐོ་སློབ་འདི་ཉིད་དུ་ཞུགས་ནས་མདོ་སྔགས་རིག་གཞུང་དང་བཅས་པ་ལ་ཐོས་བསམ་མཛད་དེ། ༡༩༩༥ ལོར་བསླབ་པ་མཐར་ཕྱིན་པ་ནས་བཟུང་བཤད་གྲྭའི་སློབ་གཉེར་བ་རྣམས་ལ་དཔེ་ཁྲིད་དང་མཐོ་སློབ་འདི་ཉིད་ཀྱི་ཚོགས་གཙོ་དང༌། ཚོགས་གཞོན།
དེ་བཞིན་དུ་རྩོམ་སྒྲིག་ལྷན་ཁང་དུ་ལོ་གསུམ་ཙམ་ཕྱག་ལས་གནང་ཞིང་། སྔ་ཕྱི་བར་གསུམ་དུ་རྩོམ་སྒྲིག་ཁང་འདི་ཉིད་ལ་མཐུན་རྐྱེན་གྱི་རྒྱབ་སྐྱོར་གང་མང་གནང་ཡོད། ཕྱི་ལོ་ ༡༩༩༩ ལོར་༸སྐྱབས་རྗེ་རིན་པོ་ཆེས་མཁན་པོའི་མཚན་གནས་བསྩལ།
དེ་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཆོས་བཤད་དབང་བསྐུར་གྱིས་གདུལ་བྱ་རྣམས་སྨིན་ཅིང་གྲོལ་བར་མཛད། ད་ཆ་༸སྐྱབས་རྗེ་རིན་པོ་ཆེ་ཞིང་དུ་གཤེགས་རྗེས་དགོན་འདིའི་དབུ་འཛིན་གྱི་འགན་བཞེས་ཏེ་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་གནང་མུས་བཅས་སོ།།
༄༅། ། རྣམ་གླིང་དབུ་འཛིན་མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ་མཆོག་ནི།
ཕྱི་ལོ་ ༡༩༧༤ ལ་བལ་ཡུལ་དུ་སྐུ་འཁྲུངས། དགུང་གྲངས་གསུམ་པར་༸སྐྱབས་རྗེ་མཆོག་ནས་དགོན་འདིར་གདན་དྲངས་ཏེ་ཐུགས་བརྩེ་ཆེན་པོས་བསྐྱངས། དགུང་ལོ་བཞིའི་ཐོག་༸སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེའི་དྲུང་ནས་རིན་ཆེན་གཏེར་མཛོད་ཆེན་མོའི་བཀའ་དབང་ཞུས། དགུང་ལོ་ལྔ་ནས་བཟུང་བླ་མ་བསོད་ནམས་བསྟན་འཛིན་སོགས་དགེ་རྒན་དུ་བསྟེན་ཏེ་བོད་ཡིག་འབྲི་ཀློག་ནས་དཔལ་ཡུལ་ཐུན་མིན་གར་ཐིག་དབྱངས་སོགས་ལ་སྦྱང་བརྩོན་གནང་། ཁྱད་པར་དུ་༸སྐྱབས་རྗེ་རིན་པོ་ཆེ་མཆོག་ཐུན་མིན་རིགས་བདག་ཏུ་བཀུར་ཏེ་གནམ་ཆོས་སྔོན་རྩ་རྫོགས་གསུམ་དང་སྔ་འགྱུར་བཀའ་གཏེར་གྱི་དབང་ལུང་ཁྲིད་དང་བཅས་པ་གསན་བཞེས་མཛད། མགོན་པོ་གང་གི་བཀའ་ལུང་ལྟར་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དུ་ཞུགས་ནས་འཕགས་བོད་ཀྱི་གཞུང་ལུགས་ལ་ཐོས་བསམ་གནང༌བ་མ་ཟད་ད་དུང་རིག་མཛོད་རྩོམ་སྒྲིག་ཁང་དུ་དཔལ་ཡུལ་དུས་བབ་སོགས་ཀྱི་འགྲོ་གྲོན་གང་མང་བསྩལ་བ་དང་།
ཕྱི་རྒྱལ་ཁག་ཏུ་ཕེབས་ནས་ཆོས་ཚོགས་རྣམས་སུ་འགྲོ་བློ་དང་འཚམས་པའི་ཆོས་ཀྱི་མཛད་པ་རྒྱ་ཆེར་བསྐྱངས་དང་སྐྱོང་བཞིན་པ་མ་ཟད། ད་ཆ་༸སྐྱབས་རྗེ་མཆོག་ཞིང་དུ་གཤེགས་རྗེས་དགོན་འདིའི་དབུ་འཛིན་གྱི་འགན་ཁུར་བཞེས་ཏེ་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་གནང་མུས་བཅས་སོ།།
༄༅། ། མཁན་ཆེན་པདྨ་ཤེས་རབ་རིན་པོ་ཆེ་མཆོག་ནི།
ཕྱི་ལོ་ ༡༩༣༦ ལོར་ཁམས་སྡེ་དགེ་རུ་སྐུ་འཁྲུངས། ཞེ་ཆེན་ཀོང་སྤྲུལ་རིན་པོ་ཆེའི་མདུན་ནས་དགེ་ཚུལ་དང་། ༸སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེའི་མདུན་ནས་དགེ་སློང་གི་སྡོམ་པ་བཞེས། ༸སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་སོགས་ལས་རྩ་རྒྱུད་གསང་བ་སྙིང་པོས་གཙོས་མདོ་སྔགས་ཡོངས་རྫོགས་དང་། རིན་ཆེན་གཏེར་མཛོད་ཆེན་མོའི་དབང་ལུང་སོགས་གསན།
ཕྱི་ལོ་ ༡༩༦༨ ལོར་དགོན་འདིར་ཞབས་སོར་འཁོད་ནས་མཐོ་སློབ་ཆེན་མོ་འདིར་སྐུ་ངལ་འཛེམས་མེད་ཐོག་སློབ་གཉེར་བ་ཡོངས་ལ་ཐུན་མོང་བརྡ་སྤྲོད་རིག་པ། ཐུན་མིན་གཞུང་ཆེན་བཅུ་གསུམ་སོགས་སྔ་འགྱུར་རིང་ལུགས་དྲི་མ་མེད་པའི་མདོ་སྔགས་རྒྱ་མཚོའི་བཀའ་ཁྲིད་དང༌། དེ་དག་གི་དགོངས་འགྲེལ་སོགས་ལྗགས་རྩོམ་གནང༌། ད་བར་དགེ་ཚུལ་སློང་བརྒྱ་ཕྲག་མང་པོ་བསྒྲུབས་པ་སོགས་དམ་ཆོས་འདུལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་མི་ཉམས་གོང་སྤེལ་གྱིས་འདུལ་འཛིན་དམ་པར་གྱུར། མདོར་ན་མཐོ་སློབ་ཆེན་མོའི་འཛིན་སྐྱོང་དང་། རིག་མཛོད་རྩོམ་སྒྲིག་ལྷན་ཁང་གི་ཚོགས་གཙོ་ལོ་གསུམ་ཙམ་གནང་ཞིང་། སྔ་ཕྱི་བར་གསུམ་དུ་རྩོམ་སྒྲིག་ཁང་འདི་ཉིད་ལ་མཐུན་རྐྱེན་གྱི་རྒྱབ་སྐྱོར་གང་མང་གནང་ཡོད། ད་ཆ་རྣམ་གླིང་ཆེས་མཐོའི་རྒྱུན་ལས་ཚོགས་གཞོན་གྱི་འགན་བཞེས་མུས་ཐོག་མཐོ་སློབ་ཆེན་མོ་འདིའི་འཛིན་སྐྱོང་ཐད་བཀའ་སློབ་ལམ་སྟོན་སོགས་གནང་ནས་ཐུགས་བརྩེས་མི་འདོར་བར་བཞུགས་བཞིན་པ་བཅས་སོ།།
༄༅། ། མཁན་ཆེན་རྣམ་གྲོལ་ཚེ་རིང་རིན་པོ་ཆེ་མཆོག་ནི།
ཕྱི་ལོ་ ༡༩༥༣ ལོར་ཁམས་སྡེ་དགེ་རུ་སྐུ་འཁྲུངས། ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཕེབས། སྨྱོ་ཤུལ་མཁན་རིན་པོ་ཆེ་དང་མཁན་ཆེན་བརྩོན་འགྲུས། མཁན་པོ་དཔལ་ལྡན་ཤེས་རབ་སོགས་ཀྱི་སྐུ་མདུན་ནས་མདོ་སྔགས་ཕལ་ཆེར་གསན་བཞེས་མཛད། ཕྱི་ལོ་ ༡༩༧༧ ལོར་དགོན་འདིར་ཕེབས་ནས་བཤད་གྲྭའི་སྒྲིག་གཞིའི་གཟིགས་རྟོག་དང་དཔེ་ཁྲིད་སོགས་ཀྱི་འཛིན་སྐྱོང་གནང༌། ཕྱི་ལོ་ ༡༩༨༣ ལོར་༸སྐྱབས་རྗེ་མཆོག་གིས་མཁན་པོའི་མཚན་གནས་བསྩལ། ཕྱི་ལོ་ ༡༩༨༨ ལོར་༸མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གི་སྐུ་མདུན་དུ་བཅར་ཏེ་མདོ་སྔགས་སྤྱི་དང༌། ཁྱད་པར་དུ་སྤྱི་དོན་འོད་གསལ་སྙིང་པོ་སོགས་ཐུན་མིན་རང་ལུགས་སྔ་འགྱུར་བའི་ལྟ་གྲུབ་ལ་ཞིབ་གཟིགས་གནང་། དེ་རྗེས་མཐོ་སློབ་འདིར་རྒྱ་བོད་ཀྱི་གཞུང་ཆེན་ཁག་བཤད་ཁྲིད་གནང་བ་དང༌།རིག་མཛོད་རྩོམ་སྒྲིག་ལྷན་ཁང་ཐོག་མར་དབུ་བཙུགས་པ་ནས་ལོ་གཉིས་ཀྱི་རིང་ཚོགས་གཙོ་མཛད། ཕྱི་ལོ་ ༡༩༩༨ ལོར་བལ་ཡུལ་ཡང་ལེ་ཤོད་དུ་སྒྲུབ་ཁང་བསམ་གཏན་འོད་གསལ་གླིང་གསར་འཛུགས་ཀྱིས་དབང་ལུང་ཁྲིད་རྒྱུན་སོགས་གནང་དང་གནང་བཞིན་པ་དང་། ད་ཆ་རྣམ་གླིང་ཆེས་མཐོའི་རྒྱུན་ལས་ཚོགས་གཞོན་གྱི་འགན་བཞེས་མུས་ཐོག་མཐོ་སློབ་ཆེན་མོ་འདིའི་འཛིན་སྐྱོང་ཐད་བཀའ་སློབ་ལམ་སྟོན་སོགས་གནང་ནས་ཐུགས་བརྩེས་མི་འདོར་བར་བཞུགས་བཞིན་པ་བཅས་སོ།།
༄༅། ། མཁན་ཆེན་ཚེ་དབང་རྒྱ་མཚོ་རིན་པོ་ཆེ་མཆོག་ནི།
ཕྱི་ལོ་ ༡༩༥༤ ལོར་ལྷོ་བྲག་མཁར་ཆུར་སྐུ་འཁྲུངས། དགུང་གྲངས་བདུན་པར་བཙན་བྱོལ་དུ་ཕེབས། ཕྱི་ལོ་ ༡༩༦༢ ལོར་རྡོ་རྗེ་གླིང་དུ་བོད་གཞུང་སློབ་གྲྭར་ཞུགས། དགུང་ལོ་བཅུ་གཅིག་ཐོག་ར་སྟོད་སྟོང་ར་སྤྲུལ་སྐུའི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་ཞུས་ཤིང་ཆོས་སྒོར་ཞུགས། ༡༩༦༩ ལོར་ཝཱར་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་ཞུགས་ཏེ་ལོ་དགུའི་རིང་སཾ་སྐྲྀ་ཏ་སོགས་མདོ་སྔགས་རིག་གནས་དང་བཅས་པར་ཐོས་བསམ་གནང༌། ༸སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེ་སོགས་ཀྱི་མདུན་ནས་སྙིང་ཐིག་ཡ་བཞི་དང༌། རིན་ཆེན་གཏེར་མཛོད། གནམ་ཆོས་སྔོན་རྩ་རྫོགས་གསུམ་སོགས་དང༌། སྔ་འགྱུར་རང་ལུགས་ཀྱི་ཐུན་མིན་ལྟ་གྲུབ་སྐོར་གསན་བསམ་མཐར་ཕྱིན་པ་མཛད། ཕྱི་ལོ་ ༡༩༧༩ ལོར་དགོན་འདིར་ཞབས་སོར་འཁོད། ༡༩༨༢ ལོར་༸སྐྱབས་རྗེ་མཆོག་གི་མདུན་ནས་དགེ་སློང་གི་སྡོམ་པ་བཞེས་ནས། ༡༩༨༣ ལོར་མཁན་པོར་མངའ་གསོལ་མཛད། དེ་ནས་སྐུ་ངལ་འཛེམས་མེད་ཐོག་མཐོ་སློབ་འདིར་ཐུན་མོང་དང༌། ཐུན་མིན་གྱི་རིག་གནས་ཡོངས་རྫོགས་ཀྱི་བཀའ་ཁྲིད་དང་། རིག་མཛོད་རྩོམ་སྒྲིག་ལྷན་ཁང་དུ་ལོ་གསུམ་ཙམ་གྱི་རིང་ཕྱག་ལས་གནང་། ད་ལྟ་འདོན་བཞིན་པའི་ Palyul Times 
ཞེས་པའི་དུས་དེབ་ཡང་ཐོག་མར་ཁོང་གིས་དགོངས་འཆར་གཙོ་བོར་གནང་བ་ལ་བརྟེན་ནས་འདོན་སྤེལ་བྱེད་འགོ་བཙུགས། དེ་རྗེས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཞབས་སོར་བཀོད་དེ་ནང་ཆོས་སློབ་སྟོན་གྱི་མཛད་ཕྲིན་བསྐྱངས། ད་ཆ་རྣམ་གླིང་ཆེས་མཐོའི་རྒྱུན་ལས་ཚོགས་གཞོན་གྱི་འགན་བཞེས་མུས་ཐོག་མཐོ་སློབ་འདིའི་འཛིན་སྐྱོང་ཐད་བཀའ་སློབ་ལམ་སྟོན་ཐུགས་བརྩེས་མི་འདོར་བར་བཞུགས་བཞིན་པ་བཅས་སོ།།
གོང་གི་རྣམ་ཐར་ཁག་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་གི་བགྲང་བྱ་ཉེར་ལྔ་འཁོར་བའི་དྲན་དེབ་ལས་ཟུར་བཀོལ་བྱས།