༄༅། །འཛིན་སྐྱོང་།
རྒྱུན་ལས་ལྷན་ཚོགས།
༸སྐྱབས་རྗེ་རིན་པོ་ཆེའི་འཆར་སྣང་འོག་བཤད་གྲྭའི་རྒྱུན་ལས་ནང་ཚོགས་གཙོ་དང་། ཚོགས་གཞོན། དྲུང་ཆེ། དངུལ་གཉེར། ཆོས་ཁྲིམས་པ་བཅས་གཙོ་བོ་འགན་ཡོད་ཀྱི་ཚོགས་མི་ལྔས་མཐོ་སློབ་འདིར་གཟིགས་རྟོག་གནང་བཞིན་ཡོད་པ་སྟེ། ཚོགས་གཙོས་བཤད་གྲྭའི་སྒྲིག་གཞི། སློབ་ཕྲུག་གི་ཤེས་ཡོན་དང་ཀུན་སྤྱོད་སོགས་ཡར་རྒྱས་གཏོང་ཕྱོགས་སྐོར་དང་གསོ་སྦྱོང་དང་དབྱར་གནས་ཀྱི་མཁན་པོ་གནང། ཚོགས་གཞོན་གྱིས་ཚོགས་གཙོའི་ཕྱག་རོགས་དང་རྒྱུགས་སྤྲོད་དོ་དམ་གྱི་འགན་འཛིན་དང་་ཚོགས་གཙོ་མེད་སྐབས་རྒྱུན་ལས་ཀྱི་འགན་བཞེས་གནང་བཞིན་ཡོད། དྲུང་ཆེས་ཚོགས་འདུའི་སྐབས་ལས་རིམ་གྱི་བཀོད་སྒྲིག མང་ཚོགས་ལ་གསལ་བསྒྲགས། གཞན་ཡང་ཕྱི་ཕྱོགས་ལ་མཐུན་འབྲེལ་བཅས་དང་།
སྤྱི་ལོ་༢༠༢༣ ལོའི་རྒྱུན་ལས་རྣམ་པའི་སྐུ་པར།
དངུལ་གཉེར་གྱིས་དགེ་འདུན་པའི་སྤྱི་རྫས་བདག་གཉེར་དང་། གསོལ་ཚིགས། ཆུ་དང་གློག་སོགས་ཀྱི་མཐུན་རྐྱེན་ཐད་འགན་བཞེས། ཆོས་ཁྲིམས་པས་གཙོ་བོ་སྒྲིག་གཞི་དང་འབྲེལ་ཚོགས་པ་ཚོགས་ཕྱོགས་ཀྱི་སྐོར་དང་དམིགས་གསལ་རྒྱུན་ལས་ལ་སྙན་སེང་འབུལ་དགོས་པའི་གནས་ཚུལ་ཆེ་ཁག་རིགས་མ་གཏོགས་གཞན་རྣམས་ཐད་ཀར་ཐག་གཅོད་གནང་བཞིན་ཡོད། རྒྱུན་དུ་༸སྐྱབས་རྗེ་རིན་པོ་ཆེ་མཆོག་གི་དགོངས་བཞེད་བཞིན་བྱམས་བརྩེའི་སྒོ་ནས་ལེགས་ཉེས་ཀྱི་བླང་དོར་ལམ་སྟོན་བྱེད་པ་ལས། བཙན་པོའི་དབང་ཤུགས་ཀྱིས་བརྡུང་བརྡེག་དང་ངན་སྨྲས་སོགས་བྱེད་པའི་ལུགས་སྲོལ་མེད།
༄༅། །སྔ་འགྱུར་མཐོ་སློབ་ཆེན་མོའི་དགེ་སྐོས་ལས་ཁུངས།
དགེ་སྐོས་ལས་ཁུངས་ནི་དགེ་སྐོས་ཆེན་མོ་གཙོས་པའི་དགེ་སྐོས་ལས་རོགས་བརྒྱད་ཀྱིས་གཙོ་བོ་སྒྲིག་གཞི་སྒྲིག་ལམ་དང་འབྲེལ་བའི་ལས་དོན་དང་། ཚོགས་པ་འཚོག་ཕྱོགས་སྐོར། རང་སྦྱོང་དང་རྩོད་པའི་སྐབས་དམིགས་བསལ་གྱི་གཟིགས་རྟོག་དང་། དགོངས་འཁྲོལ་དང་ཉེས་ཆད་རིགས་རྣམས་འོས་བབས་དང་བསྟུན་ཏེ་ཐག་གཅོད་གནང་སའི་ལས་ཁུངས་ཤིག་ཡིན།
སྤྱི་ལོ་ ༢༠༢༣ ལོའི་དགེ་སྐོས་རྣམ་པའི་སྐུ་པར།
༄༅། །སྔ་འགྱུར་རིག་མཛོད་རྩོམ་སྒྲིག་སྡེ་ཚན།
རྒྱུན་ལས་ཀྱིས་བསྐོས་པའི་མཁན་སློབ་གང་རུང་ཞིག་ནས་གཙོ་འགན་བཞེས་ཐོག་རྩོམ་སྒྲིག་ཁང་གི་ལས་བྱེད་རྣམས་ཀྱིས་དུས་དེབ་དང་། དེ་བཞིན་དྲན་དེབ། སྔོན་གྱི་མཁས་གྲུབ་རྣམས་ཀྱི་རྣམ་ཐར་སོགས་རྩོམ་སྒྲིག་གནང་བཞིན་ཡོད། ༡༩༩༡ ལོར་རྩོམ་སྒྲིག་ཁང་དབུ་བརྙེས་ནས་ད་བར་དཔེ་དེབ་ཀྱི་རིགས་རྩོམ་སྒྲིག་བྱས་པའི་ཁོངས། སྔ་འགྱུར་འོད་གསལ། གུ་རུའི་རྣམ་ཐར་དད་པའི་ས་བོན། འདུལ་བའི་དགག་སྒྲུབ་ཀྱི་བསླབ་བྱ་བླང་དོར་མིག་འབྱེད། ༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེའི་གསོལ་འདེབས་ཕྱོགས་སྒྲིགས། སྔ་འགྱུར་མཐོ་སློབ་ཀྱི་ལོ་རྒྱུས་དབྱིན་སྐད་ཐོག
སྤྱི་ལོ་ ༢༠༢༣ ལོའི་རྩོམ་སྒྲིག་པ་རྣམས་ཀྱི་སྐུ་པར།
སྙན་རྩོམ་ཕྱོགས་སྒྲིགས། གཙུག་ལག་ཁང་གསར་པའི་མཛད་སྒོའི་དྲན་དེབ། སྙན་རྩོམ་སྐལ་བཟང་རྣ་བའི་བདུད་རྩི། གཏེར་མཛོད་ལོ་རྒྱུས་ཅེས་བཏུས། བཤེས་གཉེན་བསྟེན་ཚུལ་བོད་དབྱིན་གཉིས་ཀའི་ཐོག སྔ་འགྱུར་སྨོན་ལམ་ཆེན་མོའི་དྲན་དེབ་ཐེངས་མང་་དང། ལྷག་པར་ ༢༠༠༢ ཟླ་ ༡༠ ཚེས་ ༢༥ ཉིན་པདྨའི་རང་མདངས་ཞེས་པའི་དུས་དེབ་ཐེངས་དང་པོ་དེ་གསར་འདོན་དང། མཐོ་སློབ་འདི་ནི་དབུ་བརྙེས་ནས་བགྲང་བྱ་ཉེར་ལྔ་འཁོར་བའི་དྲན་དེབ་ལྷ་ཡི་མེ་ཏོག་དང་བསོད་ནམས་བྱེ་བའི་སྒྱུ་འཕྲུལ་རོལ་མོ་སོགས་དེབ་ཕྲེང་མང་པོ་སྐྲུན་བྱས་ཡོད།
༄༅། །སྔ་འགྱུར་རྙིང་མའི་ཞིབ་འཇུག་བསྟི་གནས་ཁང་།
ཞིབ་འཇུག་ཁང་འདི་ནི་སྔ་འགྱུར་མཐོ་སློབ་ཆེན་མོའི་ཡན་ལག་གི་སྡེ་ཚན་ཞིག་ཡིན། འདི་ནས་ཞིབ་འཇུག་པ་སྡེ་ཚན་དང་པོའི་ཁོངས་སུ་མཁན་པོ་གསུམ་དང་བཙུན་མ་སློབ་དཔོན་གཅིག་བཅས་བཞིས་དེང་དུས་ནུབ་ཕྱོགས་ཀྱི་ཞིབ་འཇུག་བྱེད་ཚུལ་དང་མཐུན་པར་ཉམས་ཞིབ་གནང་ནས་སྤྱི་ལོ་ ༢༠༡༧ ལོར་མཐར་ཕྱིན་ཡོད། ཞིབ་འཇུག་པ་སྡེ་ཚན་གཉིས་པའི་ནང་ད་ལྟ་ཞིབ་འཇུག་སློབ་མ་མཁན་པོ་གཉིས་དང་སློབ་དཔོན་གཉིས་བཅས་བཞིའི་མདོ་སྔགས་ཀྱི་གཞུང་ལུགས་དག་ལ་ཉམས་ཞིབ་བྱེད་བཞིན་ཡོད། སྡེ་ཚན་འདི་ནི་མཐོ་སློབ་ཆེན་མོའི་སྲོལ་རྒྱུན་གྱི་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ལ་རིགས་གཅིག་རྐང་འཛིན་བྱེད་སའི་བསྟི་གནས་གསར་པ་ཞིག་རེད།
སྤྱི་ལོ་ ༢༠༢༣ ལོའི་སྔ་འགྱུར་རྙིང་མའི་ཞིབ་འཇུག་པ་རྣམས་ཀྱི་སྐུ་པར།
༄༅། ། རྒྱལ་ཡོངས་རྙིང་མའི་ཚིག་མཛོད་རྩོམ་སྒྲིག་ཁང་གི་བྱུང་རིམ་སྙིང་བསྡུས།
དྷ་ས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་ནས་འདོན་འཆར་བྱུང་བའི་ཚིག་མཛོད་རྒྱས་པའི་ནང་། ཆོས་བརྒྱུད་ཁག་གི་འབྲེལ་ཡོད་གཞུང་ལུགས་ལྟ་གྲུབ་དང་། ཆོས་འབྱུང་ལོ་རྒྱུས། ཕྱག་བཞེས་འཕྲིན་སྒྲུབ་སོགས་ཐུན་མིན་བརྡ་ཆད་དང་བཅས་པ་ཡོངས་རྫོགས་སྐབས་འབྲེལ་ཆོས་བརྒྱུད་སོ་སོ་ནས་འགན་བཞེས་དགོས་རྒྱུའི་ཐད་ཕྱོགས་སོ་སོའི་དབུ་འཛིན་རྣམས་ལ་རེ་སྐུལ་སྙན་འབུལ་འབྱོར་བ་བཞིན། རྙིང་མའི་དབུ་འཛིན་ཁྲི་རབས་དྲུག་པ་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གི་བཀའ་ལྟར་ཕྱི་ལོ་ ༢༠༡༣  ལོར་རྡོར་གདན་རྙིང་མའི་སྨོན་ལམ་ཆེན་མོའི་འགན་འཛིན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བླ་ཆེན་མཁན་སྤྲུལ་བླ་སློབ་ལས་སྣེ་ཚང་འཛོམས་ཐོག་བཀའ་མོལ་གྲོས་ཆོད་བྱུང་དོན་ལྟར།
སྤྱི་ལོ་ ༢༠༢༢ ལོའི་རྒྱལ་ཡོངས་རྙིང་མའི་ཚིག་མཛོད་རྩོམ་སྒྲིག་པ་རྣམ་པའི་སྐུ་པར།
འདི་འབྲེལ་ལས་གཞིར་ཆེད་གཉེར་གྱི་རྩོམ་སྒྲིག་ཁང་ཟུར་འཛུགས་ཆེད་རྙིང་མའི་སྨོན་ལམ་གཞུང་ནས་མཐུན་རྐྱེན་རོགས་འདེགས་དང་། རྣམ་གྲོལ་གླིང་དགོན་ནས་ཕྱག་ལས་ཀྱི་འགན་བླངས་ཐོག ལམ་སྟོན་པའི་ཐུགས་འགན་མཁན་ཆེན་པདྨ་ཤེས་རབ་མཆོག་ནས་བཞེས་རྒྱུ་དང་། ཕྱོགས་སོ་སོའི་དགོན་སྡེ་རྣམས་ནས་ཀྱང་སྐབས་བབ་ཀྱི་ཕྱག་རོགས་གནང་རྒྱུའི་གཏན་ཁེལ་བྱུང་བ་བཞིན། ཕྱི་ལོ་ ༢༠༡༣ ཟླ་བ་ ༠༤ ཚེས་ ༠༧ ཉིན་འདི་ག་རྣམ་གྲོལ་གླིང་དུ་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་འཛིན་སྐྱོང་འོག་ཚིག་མཛོད་རྩོམ་སྒྲིག་པ་བསྐོ་བཞག་གིས་ཚིག་མཛོད་ལས་ཁུངས་སྒོ་འབྱེད་དང་། ཕྱི་ཟླ་ ༠༤ ཚེས་ ༡༠ ནས་དངོས་སུ་ལས་འགོ་ཚུགས་པ་ནས་བཟུང་། གཙོ་བོ་སྔ་འགྱུར་ཐུན་མོང་བའི་ལས་གཞི་རྣམས་ཆེད་ལས་ཐོག ཐུན་མིན་དགོན་སྡེ་སོ་སོ་དང་སྒེར་ནས་བརྒྱུད་བསྐུར་བྱུང་བ་རྣམས་ཀྱང་དག་བཅོས་སྒྲིག་སྦྱོར་ཞུས་ཏེ་ལོ་དགུའི་ལས་འཆར་གྱི་གཏན་འབེབས་ལྟར་ད་བར་ལོ་གསུམ་རེའི་མཚམས་གྱི་ཚིག་མཛོད་ཐོན་རིམ་དང་པོ་དང་གཉིས་པ་ཡན་གྱི་ལས་དོན་གྲུབ་འབྲས་ལེགས་སོན་བྱུང་ཟིན་པ་དང་། ད་ལྟའི་ཆར་འབྱུང་འགྱུར་ཐོན་རིམ་གསུམ་པའི་ཆེད་ལས་དོན་མུ་མཐུད་སྐྱོད་མུས་ཡིན།
༄༅། །དཔལ་ཡུལ་ཚིག་མཛོད་རྩོམ་སྒྲིག་ཁང་།
སྤྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༢༠ བོད་ཟླ་དྲུག་པའི་ཚེས་བཅུ་བདུན་རེས་གཟའ་སྤེན་པ་གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཆར།  སྔ་འགྱུར་མཐོ་སློབ་ཆེན་མོའི་རྒྱུན་ལས་ཀྱིས་གཙོས་པའི་རྒྱུན་ལས་ཁག་དང་། མཁན་སློབ་མཉམ་འཛོམས་ཐོག་རྒྱལ་བ་དཔལ་ཡུལ་བའི་ཚིག་མཛོད་རྩོམ་སྒྲིག་ཁང་གི་དབུ་འབྱེད་མཛད་སྒོ་ཚོགས། ལས་ཁུངས་འདི་འཛུགས་པའི་དམིགས་ཡུལ་གཙོ་བོ་ནི་རྒྱལ་བ་དཔལ་ཡུལ་བའི་ཕྱག་བཞེས་ཕྲིན་སྒྲུབ་དང་། གདན་རབས་ལོ་རྒྱུས། རྣམ་ཐར་ཞལ་གདམས། དགོན་ཆེན་དགོན་ཆུང་སོགས་ངོ་སྤྲོད་དང་འབྲེལ་བའི་ཚིག་མཛོད་རྩོམ་སྒྲིག་བྱ་རྒྱུ་དང་།
སྤྱིལོ་ ༢༠༢༣ ལོའི་དཔལ་ཡུལ་ཚིག་མཛོད་རྩོམ་སྒྲིག་པ་རྣམ་པའི་སྐུ་པར།
ལྷག་པར་དུ་ཞལ་རྒྱུན་ཐོག་ཡོད་པའི་༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེའི་རྣམ་ཐར་ཞུ་སྒྲིག དཔལ་ཡུལ་བའི་མཁས་གྲུབ་རིམ་བྱོན་གྱི་གསུང་འབུམ་ཁག་དང་མཐོང་བ་བརྒྱུད་པའི་ཕྱག་བཞེས་དང་འབྲེལ་བའི་ཡིག་ཆ་རྣམས་ཉམས་གསོ་བྱ་རྒྱུ་ཡིན་པ་རེད།
ད་ཆ་མཐོ་སློབ་ཆེན་མོའི་རྒྱུན་ལས་ཀྱིས་བཀོད་སྒྲིག་གནང་བའི་འགན་འཛིན་དང་ལས་རོགས་བཅས་ཀྱིས་མུ་མཐུད་དེ་བྱ་འགུལ་འདི་ལེགས་གྲུབ་ཡོང་བ་ལ་འབུང་བཞིན་པ་ལགས།
༄༅། །པདྨ་མ་ཎི་སྒྲ་བསྒྱུར་ཚོགས་པ།
སྡེ་ཚན་འདི་ནི་སྐད་རིགས་གཉིས་པ་དཔེར་ན་དབྱིན་ཇི་ལྟ་བུ་ལ་རྨང་གཞི་ཡག་པོ་ཡོད་པ་དང་དེ་ལ་དོ་སྣང་ཡོད་རིགས་ཀྱི་སློབ་དཔོན་དང་སློབ་མ་རྣམས་ལ་ཡིག་བསྒྱུར་དང་སྒྲ་བསྒྱུར་གྱི་སྐོར་ལ་སློབ་སྦྱོང་སྤྲོད་ས་ཞིག་དང་། མཐོ་སློབ་ཆེན་མོའི་སྐད་གཉིས་སྨྲ་བའི་དགེ་བའི་བཤེས་གཉེན་བསྐྱེད་སྲིང་བྱེད་སའི་བསྟི་གནས་ཤིག་རེད།
སྤྱི་ལོ་ ༢༠༢༣ ལོའི་པདྨ་མ་ཎི་སྒྲ་བསྒྱུར་རྣམ་པའི་སྐུ་པར།
༄༅། །སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན།
འདི་ནང་ཕྱག་དཔེ་པར་བསྐྲུན་གྱི་ཆ་རྐྱེན་དེང་དུས་ཀྱི་འཕྲུལ་ཀླད་ཡོ་བྱད་ཆ་ཚང་ཡོད་ཅིང། རྒྱུན་ལས་ཀྱིས་བསྐོས་པའི་མཁན་སློབ་གང་རུང་ཞིག་ནས་གཙོ་འགན་བཞེས་ཐོག སྐབས་ཐོབ་ལས་བྱེད་རྣམས་ཀྱིས་རྒྱལ་བ་གོང་མ་རྣམས་ཀྱི་གསུང་རབ་ཁག་འཛུགས་བཞིན་པ་ལས། ད་ལྟའི་ཆར་དཔེ་རྒྱུན་དཀོན་རིགས་འགའ་ཞིག་དང་། ལོ་རིམ་དགུའི་སློབ་ཚན་རྣམས་འཕྲུལ་ཀླད་དུ་གཅུག་ནས་ཞུ་དག་གྲུབ་ཟིན་ཅིང་དེ་དག་ལས་འགའ་ཞིག་པར་དུ་བསྐྲུན་ཏེ་སྐབས་ཐོབ་འཛིན་གྲྭར་སོ་སོར་ཕན་ཐོགས་ཆེན་པོ་ཡོང་བཞིན་པ་དང། གཞན་ཡང་ལོ་ཐོ་སོགས་ཟུར་དུ་པར་བསྐྲུན་ཞུ་བཞིན་པའོ།
སྤྱི་ལོ་ ༢༠༢༣ ལོའི་རྩིས་འཕྲུལ་ལས་བྱེད་རྣམ་པའི་སྐུ་པར།
༄༅། །ལྕགས་པར་དང་འདྲ་བཤུས་འཕྲུལ་པར་ཁང།
རྒྱུན་ལས་ཀྱིས་བསྐོས་པའི་མཁན་སློབ་གང་རུང་ཞིག་ནས་གཙོ་འགན་བཞེས་ཐོག་དེ་སྔོན་ལྕགས་པར་ལས་བྱེད་པས་མཁས་འཇུག་འགྲེལ་པ་སོགས་དཔེ་དེབ་རིགས་འདྲ་མིན་པར་བསྐྲུན་ཞུས་ཤིང། དེང་སྐབས་གཙོ་བོ་རླུང་རྟའི་རིགས་པར་དུ་སྐྲུན་བཞིན་ཡོད། འདྲ་བཤུས་འཕྲུལ་པར་ཁང་ནང་འདྲ་བཤུས་རིགས་འོས་བབས་ཀྱི་རིན་གོང་བླངས་ཏེ་པར་འདེབས་བཞིན་ཡོད།
སྤྱི་ལོ་ ༢༠༢༣ ལོའི་རླུང་རྟ་པར་པ་རྣམ་པའི་སྐུ་པར།
༄༅། །ཚོང་ཁང་རིགས།
དངུལ་གཉེར་གྱིས་གཟིགས་རྟོག་འོག་ཚོང་ཁང་ལས་བྱེད་རྣམས་ནས། རྫས་རིགས་སྣ་ཚོགས་ཀྱི་ཚོང་ཁང། ཞི་འཚོ་ཇ་ཁང། འོ་མ་དང་ཚལ་རིགས་ཚོང་ཁང། དཔེ་དེབ་བླུ་ཡོན་འབུལ་ཁང་བཅས་ཁེ་སྤོབས་ཁོ་ནའི་ཆེད་མིན་པར་སློབ་གཉེར་བ་རྣམས་ཀྱི་དཀའ་ངལ་བསལ་སླད་འཛིན་སྐྱོང་གནང་བཞིན་པ་ཡིན།
སྤྱི་ལོ་ ༢༠༢༣  ལོའི་ཞི་འཚོའི་ཇ་ཁང་གི་ལས་བྱེད་རྣམ་པའི་སྐུ་པར།
༄༅། །ཚོང་ཁང་།
དངུལ་གཉེར་གྱིས་གཟིགས་རྟོག་འོག་ཚོང་ཁང་ལས་བྱེད་རྣམས་ནས། རྫས་རིགས་སྣ་ཚོགས་ཀྱི་ཚོང་ཁང།  འོ་མ་དང་ཚལ་རིགས་ཚོང་ཁང། དཔེ་དེབ་བླུ་ཡོན་འབུལ་ཁང་བཅས་ཁེ་སྤོབས་ཁོ་ནའི་ཆེད་མིན་པར་སློབ་གཉེར་བ་རྣམས་ཀྱི་དཀའ་ངལ་བསལ་སླད་འཛིན་སྐྱོང་གནང་བཞིན་པ་ཡིན།
སྤྱི་ལོ་ ༢༠༢༣  ལོའི་ཚོང་ཁང་གི་ལས་བྱེད་རྣམ་པའི་སྐུ་པར།
༄༅། །དཔེ་མཛོད་སྡེ་ཚན།
འདིར་སློབ་གཉེར་བ་རྣམས་ཀྱི་ཤེས་ཡོན་ཡར་རྒྱས་ཆེད། བཀའ་བསྟན་གཉིས་ཀྱིས་གཙོས་རིས་མེད་མཁས་གྲུབ་རྣམས་ཀྱི་གསུང་འབུམ་ཁག་དང་དབྱིན་དེབ་འདྲ་མིན། གཞན་ཡང་མཁས་དབང་རྣམས་ཀྱི་གསུང་ཆོས་སྒྲ་འཛིན་འཁོར་ཐག་སྣ་ཚོགས། རྣམ་ཀུན་རྒྱུན་ལས་ཀྱིས་བསྐོས་པའི་མཁན་སློབ་གང་རུང་ཞིག་ནས་གཙོ་འགན་བཞེས་ཐོག་སྐབས་ཐོབ་དཔེ་མཛོད་ལས་བྱེད་རྣམས་ཀྱིས་དཔེ་དེབ་དཀོན་རིགས་རྣམས་བསྡུ་རུབ་དང། དེ་དག་གི་དཀར་ཆག་གསར་བསྒྲིགས། སློབ་གཉེར་བ་རྣམས་ལ་འཛིན་གྲྭ་སོ་སོའི་སློབ་ཚན་དང་། དེ་མིན་ཟུར་བལྟའི་ཕྱག་དཔེ་ཁག་དུས་ཐོག་ཏུ་གཡར་ནས་དཔེ་ཁྲིད་གྲུབ་མཚམས་ཕྱིར་བསྡུ་གནང་བཞིན་ཡོད།
༄༅། །ཞབས་རིམ།
རྒྱུན་ལས་ནས་གཏན་འབེབས་གནང་བའི་མཁན་སློབ་གང་རུང་ཞིག་གིས་གཙོ་འགན་བཞེས་ཐོག དགེ་འདུན་པ་ཡོངས་རྫོགས་སམ་ཡང་ན་འཛིན་གྲྭ་རེས་མོས་སུ་རྒྱལ་བའི་བཀའ་འགྱུར་ཆེན་མོ་དང། གཤེགས་སྙིང་བསྟན་པའི་མདོ་བཅུ། དེ་བཞིན་ཚེ་སྒྲུབ། ཕུར་པ། གསོལ་ཀ་སོགས་གསུངས་སྲོལ་ཡོད། དེ་བཞིན་བསྟན་དང་འགྲོ་བའི་དོན་དུ་དགེ་འདུན་འདུས་པ་ཡོངས་ནས་ཟླ་བ་རེ་ལ་ཐེངས་མ་རེ་སྟེ་ཟླ་འཚོགས་བྱེད་གནང་སྲོལ་ཡོད།
༄༅། །ལས་བྱེད་གཞན།
གཉེར་པ་ཟུང་ནས་རུང་ཁང་དུ་འདུས་མང་གི་གསོལ་ཇ་དང། གསོལ་ཚིགས་སོགས་ཀྱི་གཟིགས་རྟོག གོ་སྒྲིག་ལས་བྱེད་པས་མཁན་སློབ་ཀྱི་བཀའ་སློབ་དང། བགྲོ་གླེང་སོགས་ཀྱི་སྐབས་ཞབས་སྟེགས་སོགས་བཀོད་སྒྲིག གློག་གི་ལས་བྱེད་པས་བགྲོ་གླེང་དང་བཀའ་སློབ་སོགས་ཀྱི་སྐབས་རྒྱང་བསྒྲགས་སོགས་གྲ་སྒྲིག་དང། རྣམ་ཀུན་གློག་ལ་གཟིགས་རྟོག གློག་བརྙན་ལས་བྱེད་པས་གློག་བརྙན་འཕྲུལ་ཆས་ཉར་ཚགས་ཀྱིས་རེས་གཟའ་སྤེན་པ་དང་ཉི་མ། དེ་བཞིན་ཐུགས་སྤྲོ་གུང་སེང་གི་སྐབས་གློག་བརྙན་གཟིགས་འབུལ། ཅ་དངོས་བདག་གཉེར་པས་སྤྱི་རྫས་ཁག་བདག་ཉར་གནང་ཞིང། དེ་བཞིན་དབུ་མཛད། མཆོད་དཔོན། རྒྱ་གླིང་པ། དུང་ཆེན་པ། དུང་དཀར་བ། རྔ་པ། སྤོས་འདྲེན་པ་སོགས་ནས་ཚོགས་པའི་སྐབས་སུ་འཐུས་ཤོར་མེད་པའི་ཐོག་སོ་སོའི་ལས་འགན་སྒྲུབ་བཞིན་པ་བཅས་སོ།།