༄༅། །སྔ་འགྱུར་ཆོས་ཀྱི་བྱུང་ཚུལ།
དེ་ཡང་བྷོ་ཊའི་ལྗོངས་འདིར་འཕགས་པ་རིགས་གསུམ་མགོན་པོའི་རྣམ་འཕྲུལ་ཆོས་ཀྱི་རྒྱལ་པོ་སྔ་ཕྱིར་མང་དུ་བྱོན་མོད། གཙོ་བོ་རྒྱལ་རབས་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་དགུང་གྲངས་དྲུག་ཅུ་པ་སྤྱི་ལོ ༤༣༣ ལ་སྤང་སྐོང་ཕྱག་རྒྱ་པ་སོགས་ནམ་མཁའ་ནས་རང་བབས་སུ་བྱུང་སྟེ་ཐོག་མར་དམ་པའི་ཆོས་ཀྱི་དབུ་བརྙེས། རྒྱལ་རབས་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ ༦༡༧:༦༩༨ སྐུ་དུས་སུ་བོད་ཀྱི་ཡིག་གཟུགས་གསར་དུ་བཟོས། ར་ས་འཕྲུལ་སྣང་གཙོས་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་བརྒྱ་རྩ་དུ་མ་བཞེངས། མདོ་སྡེ་ཟ་མ་ཏོག་སོགས་ཆོས་མང་དུ་བསྒྱུར། ལྷ་ཆོས་དགེ་བ་བཅུ་དང་། མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་གསར་དུ་བཅས་ཏེ་བར་དུ་དམ་པའི་ཆོས་ཀྱི་སྲོལ་བཏོད། རྒྱལ་རབས་སོ་བརྒྱད་པ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན ༧༩༠: ༨༥༨ གྱི་དུས་སུ་འཕགས་ཡུལ་ནས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། མཁན་ཆེན་བོ་ངྷི་ས་ཏྭ། བི་མ་ལ་མི་ཏྲ་སོགས་པཎ་གྲུབ་བརྒྱ་རྩ་བརྒྱད་གདན་དྲངས། ལོ་ཙ་བ་བཻ་རོ་ཙ་ན་དང། སྐ་ཅོག་ཞང་གསུམ་སོགས་ཀྱིས་འཕགས་ཡུལ་དུ་བཞུགས་སོ་ཅོག་གི་བཀའ་བསྟན་ཕལ་ཆེར་དང་།
མཁན་སློབ་ཆོས་གསུམ་ལ་ན་མོ།
གཞན་ཡང་སློབ་དཔོན་ཆེན་པོས་གནས་ངེས་མེད་རྣམས་ནས་གསང་སྔགས་བླ་མེད་ཀྱི་ཟབ་ཆོས་རྣམས་སྤྱན་དྲངས་ཏེ་ཐེག་པ་རིམ་དགུའི་སྣང་བས་བོད་ཡུལ་ཀུན་ཏུ་ཁྱབ་པར་མཛད་པས་རྒྱལ་བསྟན་དར་ཞིང་རྒྱས། རྒྱལ་རབས་ཞེ་གཅིག་པ་མངའ་བདག་ཁྲི་རལ་པ་ཅན ༨༦༦: ༩༠༡ གྱི་དུས་སུ་སླར་ཡང་བསྟན་པ་དག་ཐེར་མཛད་ཅིང་སྐད་གསར་བཅད་ཀྱིས་གཏན་ལ་ཕབ། ལུང་རྟོགས་ཀྱི་བསྟན་འཛིན་རབ་བྱུང་ངུར་སྨྲིག་གི་སྡེ་དང་། གོས་དཀར་ལྕང་ལོ་ཅན་གྱི་སྡེ་གཉིས་དབུ་ཡི་མཆོད་གནས་སུ་བཀུར་ནས་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་སྤེལ་བས། རིམ་བཞིན་བརྒྱུད་འཛིན་གྱི་མཁས་གྲུབ་བར་མ་ཆད་དུ་བྱོན་ཏེ་ད་ལྟའི་བར་མདོ་སྔགས་ཀྱི་ཆོས་ཚུལ་མ་ཉམས་པར་བཞུགས་པ་ནི། གངས་ཅན་གྱི་ཡུལ་དུ་འགྱུར་སྔ་ཕྱིའི་དབང་གིས་ཆོས་བརྒྱུད་གསར་རྙིང་གཉིས་བྱུང་བ་ལས། སྔ་མ་གསང་ཆེན་སྔ་འགྱུར་བའི་ཐ་སྙད་འཛིན་པའི་ཆོས་བརྒྱུད་འདི་ཐོག་མར་དབུ་བརྙེས། བར་དུ་སྲོལ་བཏོད། མཐའ་མར་དར་རྒྱས་སུ་བྱུང་བའི་ཚུལ་མདོ་ཙམ་མོ། །དེ་ལ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་ཕྱི་རབས་གདུལ་བྱའི་དོན་དུ་ཟབ་གཏེར་དུ་མ་སྦས་པ་རྣམས་ལས། གྲུབ་བརྙེས་རིག་འཛིན་ཆེན་པོ་དག་གིས་བཏོན་པའི་ཟབ་གཏེར་ཁག་དགོན་སྡེ་གང་དུ་གཙོ་བོ་སྒྲུབ་པ་ཉམས་ལེན་གྱི་ཕྱག་སྲོལ་དར་ཁྱབ་ཏུ་བྱུང་བ་དང་། བཀའ་མ་རྣམས་བརྒྱུད་ཚུལ་གྱི་ཁྱད་པར་ཅུང་ཟད་མི་འདྲ་བ་ལས་བརྒྱུད་འཛིན་གྱི་དགོན་ཆེན་ཁག་ལ་མ་དགོན་དང་། དེ་ལས་གྱེས་པའི་དགོན་ཕྲན་རྣམས་ལ་བུ་དགོན། དེ་ལས་གྱེས་པ་རྣམས་ལ་ཡང་དགོན་ཞེས་པའི་ཐ་སྙད་བྱུང་། བར་སྐབས་སུ་གྲགས་པའི་མ་དགོན་ལ་ཡང་ཆགས་གནས་ཀྱི་ཁྱད་པར་ལས་སྟོད་ན་རྡོར་སྨིན་དཔལ་གསུམ། སྨད་ན་ཀཿ དཔལ་རྫོགས་གསུམ་ཞེས་ཀྱང་བྱུང་མོད། དུས་ཕྱིས་སྟོད་འཕྱོངས་རྒྱས་དཔལ་རི་ཐེག་མཆོག་གླིང་ཉམས་རྒུད་དུ་ཕྱིན་ཅིང། བར་ན་ཞེ་ཆེན་དགོན་དར་རྒྱས་སུ་བྱུང་བར་བརྟེན་སྟོད་ན་རྡོར་སྨིན་གཉིས། བར་ན་ཞེ་རྫོགས་གཉིས། སྨད་ན་ཀཿ དཔལ་གཉིས་ཞེས་མ་དགོན་ཆེན་མོ་དྲུག་གམ། སྔ་འགྱུརབའི་གདན་ས་ཆེན་པོ་དྲུག་དང་བླ་རུང་སྒར་དང་ཡ་ཆེན་སྒར་ཏེ་ཆོས་སྡེ་ཆེན་པོ་གཉིས་ཅེས་སྙན་པའི་གྲགས་པ་ཕྱོགས་མཐར་ཁྱབ་བཞིན་པའོ།། །།
༄༅། །དཔལ་ཡུལ་དགོན་གྱི་ལོ་རྒྱུས།
གདན་ས་དང་ཁྲི་འཛིན་གྱི་བྱུང་རིམ། དེ་ཡང་བོད་ཆོལ་ཁ་གསུམ་ལས་སྨད་མདོ་ཁམས་སྒང་དྲུག་གི་ནང་ཚན་འབྲི་ཟླ་ཟལ་མོ་སྒང་དུ་གྲགས་པའི་སའི་ཆར། སྔོན་བྱོན་རིག་འཛིན་དུ་མས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་མཆོག གཙུག་ལག་ལས་བཤད་པའི་ས་དཔྱད་ཕུན་སུམ་ཚོགས་པ་དང་ལྡན་པ་དཔལ་ཡུལ་ཞེས་པའི་ས་གནས་དེར་ཐོག་མར་གཙུག་རུ་རིན་ཆེན་གཞོན་ནུ་དང་། ཀྱེ་རེ་མཆོག་སྐྱོང་གཉིས་ཀྱིས་སྤྱི་ལོ་ ༨༩༠ ཙམ་ལ་ཆོས་གཞི་གསར་དུ་བཏབ་པ་ནས་བཟུང་མདོ་སྒྱུ་སེམས་གསུམ་ལ་ཉམས་བཞེས་མཛད་པའི་གྲུབ་བརྙེས་རིག་འཛིན་གྱི་བརྒྱུད་པ་བར་མ་ཆད་དུ་བྱུང་ཞིང། ༡༦༦༤ བོད་རབ་བྱུང་བཅུ་གཅིག་པའི་མེ་མོ་སྦྲུལ་ལོར་དམ་པ་མང་པོའི་བཀའ་ལུང་བཞིན། སྡེ་དགེ་ཆོས་རྒྱལ་ཆེན་པོ་བླ་ཆེན་བྱམས་པ་ཕུན་ཚོགས་དང་། ཁྲི་ཆེན་སངས་རྒྱས་བསྟན་པ་གཉིས་ཀྱི་བདག་རྐྱེན་ལས་གཙུག་ལག་ཁང་རྟེན་བརྟེན་པ་དང་བཅས་གསར་དུ་བཞེངས་ཤིང་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་ཞེས་པའི་མཚན་གསོལ། ཕྱིས་ཡུལ་གྱི་མིང་དགོན་པར་ཐོགས་ཏེ་དཔལ་ཡུལ་དགོན་ཞེས་ཡོངས་སུ་གྲགས། གསེར་ལོ་སྟོན་པ་རྒྱལ་མཚན་ལ་གདན་སའི་ཁྲི་འཛིན་གནང་བར་ཞུས་ཀྱང་དགུང་ལོ་བགྲེས་སྟབས་འགན་མི་འཕེར་གསུངས་ཏེ་རིག་འཛིན་ཆེན་པོ་ཀུན་བཟང་ཤེས་རབ་ ༡༦༣༦: ༡༦༩༨ གདན་སའི་ཁྲི་འཛིན་དུ་མངའ་གསོལ། དགུང་གྲངས་སུམ་ཅུར་སོན་པ་རབ་བྱུང་བཅུ་གཅིག་པའི་ཤིང་སྦྲུལ་ ༡༦༦༥ ལོར་དཔལ་ཡུལ་དུ་གདན་འཁོད་དེ་འདུལ་བ་གཞི་གསུམ་གྱི་རིམ་པ་དང་། སྔགས་བཀའ་གཏེར་གྱི་ཕྱག་བཞེས་ཚུལ་བཞིན་མཛད་ནས་རྒྱལ་བ་དཔལ་ཡུལ་བའི་མདོ་སྔགས་ཟུང་འཇུག་གི་བསྟན་པ་དགུང་ལ་རེག་པར་མཛད་ཅིང་དམ་པ་འདི་ཉིད་ནི་གདན་སའི་ཁྲི་འཛིན་ཐོག་མའོ། །དེ་རྗེས་རིམ་བཞིན་པདྨ་ལྷུན་གྲུབ་རྒྱ་མཚོ། ༡༦༦༠ : ༡༧༢༧ གྲུབ་དབང་པདྨ་ནོར་བུ། ༡༦༦༧ : ༡༧༤༤ ཀརྨ་ཆོས་དཔལ་བཟང་པོ། ༡༧༢༨ : ༡༧༩༠ འདྲེན་མཆོག་ཀརྨ་ལྷ་དབང་། ལོ་ ༡༠༣ ལྷག་བཞུགས། འགྱུར་མེད་ངེས་དོན་བསྟན་འཛིན། ༡༧༩༤ : ༡༨༥༡ པདྨ་མདོ་སྔགས་བསྟན་འཛིན། ༡༨༣༠ : ༡༨༩༡ མདོ་སྔགས་ཆོས་ཀྱི་ཉི་མ། ༡༨༥༤ : ༡༩༠༦ རིག་འཛིན་དཔལ་ཆེན་འདུས་པ། ༡༨༨༧ : ༡༩༣༢ ཀརྨ་ཐེག་མཆོག་སྙིང་པོ། ༡༩༠༨ : ༡༩༦༠  སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེའམ་འཇིགས་མེད་ཐུབ་བསྟན་བཤད་སྒྲུབ་ཆོས་ཀྱི་སྒྲ་དབྱངས་མཆོག་གི་བར་གདན་རབས་བཅུ་གཅིག་དང་ད་ལྟ་འཚོ་ཞིང་གཞེས་པ་སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་ཆེ་བར་བྱོན་ནས་བཀའ་བསྟན་མདོ་སྔགས་རིག་གནས་དང་བཅས་པ་འཛིན་མའི་ཁྱོན་ཀུན་ཏུ་ཁྱབ་སྤེལ་མཛད་དོ།།
༄༅། །བཀའ་མའི་བརྒྱུད་ཚུལ།
དེ་ལ་སྟོན་པ་ཆོས་ཀྱི་སྐུ་རྡོ་རྗེ་འཆང་གི་རྣམ་པས་གསང་སྔགས་བླ་མེད་ཀྱི་རྒྱུད་རྣམས་རྒྱལ་ཚབ་རིགས་ལྔ་ལ་དགོངས་པ་གཏད་པའི་ཚུལ་གྱིས་གསུངས་པ་རིམ་པར་བརྒྱུད་པ་ལས། རིག་འཛིན་བརྡ་བརྒྱུད་ཀྱི་ཚུལ་དུ་རིག་འཛིན་མི་དང་མི་མ་ཡིན་རྣམས་དང་། སློབ་དཔོན་དགའ་རབ་རྡོ་རྗེ་སོགས་ནས་རིམ་པར་བརྒྱུད་དེ། གངས་ཅན་གྱི་ལྗོངས་སུ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས། པཎ་ཆེན་བི་མ་མི་ཏྲ། ལོ་ཆེན་བཻ་རོ་ཙ་ན་གསུམ་གྱི་བཀའ་སྲོལ་མཐའ་དག་ཆུ་བོ་གཅིག་འདྲེས་སུ་གྱུར་པ་ཉིད། གང་ཟག་སྙན་བརྒྱུད་ཀྱི་ཚུལ་དུ་གཉགས་གནུབས་ཟུར་གསུམ་ནས་རིམ་པར་བརྒྱུད་དེ་བྱིན་རླབས་དབང་གི་ཆུ་བོ་སྐུར་ཐབས་ངོ་སྤྲོད་དང་བཅས་པ། སྙན་བརྒྱུད་གདམས་ངག་གི་ཆུ་བོ་གནད་ཡིག་དམར་ཁྲིད་དང་བཅས་པ། དཀྱུས་བཤད་གཞུང་གི་ཆུ་བོ་འགྲེལ་ཊེཀ་སྟོང་ཐུན་དང་བཅས་པ། ཕྱག་བཞེས་ཕྲིན་སྒྲུབ་ཀྱི་ཆུ་བོ་བསྟན་སྲུང་དྲག་སྔགས་དང་བཅས་པ་སྟེ་བཀའི་ཆུ་བོ་རྣམ་བཞི་རིག་འཛིན་ཆེན་པོ་ཀུན་བཟང་ཤེས་རབ་མཆོག་ལ་བཀའ་བབས། རིམ་བཞིན་བཤད་སྒྲུབ་ཀྱི་ཕྱག་བཞེས་མ་ཉམས་པ་༧ སྐྱབས་རྗེ་རིན་པོ་ཆེ་མཆོག་གི་བར་བརྒྱུད་ཅིང་། དེང་གི་དུས་སུའང་འདྲེན་མཆོག་དམ་པ་འདིའི་རྨད་བྱུང་ཐུགས་བསྐྱེད་ཟབ་མོ་དང་འགྲོ་བའི་རྣམ་དཀར་གྱི་འབྲས་བུ་དུས་སུ་སྨིན་པའི་མཐུས། མདོ་སྔགས་ཀྱི་ཆོས་ཚུལ་མཐའ་དག་གདན་ས་འདིས་གཙོས་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་ཁྱབ་སྤེལ་མཛད་དེ། སྐལ་བཟང་གདུལ་བྱའི་ཤེས་རྒྱུད་སྨིན་གྲོལ་ལ་འགོད་བཞིན་པའོ།།
༄༅། །གཏེར་མ་དང་ཟབ་མོ་དག་སྣང།
དེ་ཡང་ཉང་རལ་ཉི་མ་འོད་ཟེར་ ༡༡༢༤ : ༡༡༩༢ གྱི་གཏེར་ཆོས་བཀའ་བརྒྱད་བདེ་གཤེགས་འདུས་པ་དང་། གུ་རུ་ཆོས་ཀྱི་དབང་ཕྱུག་ ༡༢༡༢ : ༡༢༧༠ གི་གཏེར་ཆོས་བཀའ་བརྒྱད་གསང་རྫོགས་གཉིས་ནི། བཀའ་བརྒྱད་བཀའ་བབས་གཉིས་པ་ཞིག་པོ་གླིང་པ་ ༡༥༢༤ : ༡༥༨༣ ལས་རིམ་བཞིན་བརྒྱུད་པ་རྗེ་རིག་འཛིན་ཆེན་པོ་ཀུན་བཟང་ཤེས་རབ་ཀྱིས་གསན་ནས་གཏེར་མའི་སྒྲུབ་ཆེན། སྒྲུབ་མཆོད། སྨན་སྒྲུབ་སོགས་གསར་འཛུགས་ཀྱིས་རྒྱུན་བསྐྱངས། དེ་བཞིན་ཐུགས་ཆེན་ཡང་སྙིང་འདུས་པ། བླ་མ་གསང་འདུས། བླ་མ་དགོངས་འདུས་ཏེ་འདུས་པ་སྐོར་གསུམ་སོགས་ཟབ་གཏེར་དཔག་ཏུ་མེད་པའི་སྨིན་གྲོལ་ཡོངས་རྫོགས་ཀྱི་བཀའ་བབས་ཏེ་སྒྲུབ་པ་ལག་ལེན་གྱིས་ཉམས་སུ་བསྟར། ཁྱད་པར་དུ་གཏེར་ཆེན་མི་འགྱུར་རྡོ་རྗེ་ལ་ ༡༦༤༥ : ༡༦༦༧ རཏྣ་གླིང་པས་ ༡༤༠༣ : ༡༤༧༩ ཞལ་དངོས་སུ་གཟིགས་ཏེ་ཟབ་མོ་དག་སྣང་ཉེ་བརྒྱུད་དུ་བསྩལ་བ་རཏྣའི་ཆོས་སྐོར་ཡོངས་རྫོགས་དང་། གཏེར་ཆེན་ཉིད་ཀྱི་ཟབ་གཏེར་གནམ་ཆོས་ཀྱི་ཆོས་སྐོར་རྣམས་དགོངས་པ་སྤྱི་བླུགས་ཀྱི་ཚུལ་དུ་གཏེར་སྟོན་ཉིད་ལས་རིག་འཛིན་ཀུན་བཟང་ཤེས་རབ་ཀྱིས་གསན། དེ་བཞིན་དུ་ཀར་གླིང་གཏེར་ཆོས་འཇའ་ཚོན་སྙིང་པོའི་ ༡༥༨༥: ༡༦༥༦ གཏེར་ཆོས་སོགས་ཟབ་གཏེར་དུ་མ་གདན་རབས་རིམ་བྱོན་འདུས་པ་དང་བཅས་པས་ཐུགས་དམ་གྱི་མཐིལ་དུ་མཛད་པས། གཞན་ཕན་ཕྲིན་ལས་ཀྱི་སྣང་བ་སྐྱེ་འགྲོ་ཡོངས་ཀྱི་ཕན་བདེའི་གསོས་སྨན་དམ་པར་གྱུར། ལྷག་པར་གདན་རབས་དགུ་པའི་རིག་འཛིན་དཔལ་ཆེན་འདུས་པའི་སྐུ་དུས་ནས་འོད་གསལ་རྫོགས་པ་ཆེན་པོ་སྙིང་ཐིག་གི་ཆོས་སྐོར་དར་རྒྱས་བྱུང་ཞིང་། དེང་གི་དུས་སུ་ཡང་ཉམས་བཞེས་ཀྱི་ཕྱག་སྲོལ་བཟང་པོ་དེ་དག་རྒྱལ་བ་དཔལ་ཡུལ་བའི་གདན་ས་གསར་རྙིང་གཉིས་ཀྱིས་གཙོས་དཔལ་ཡུལ་བའི་ཆོས་བརྒྱུད་འཛིན་པ་དགོན་པ་ཁག་དང་།
ཡང་དགོན་གྲངས་མེད་པ་རྣམས་སུ་སྔར་ལས་ལྷག་པའི་སྒོ་ནས་བོད་ཕྱི་ནང་ཀུན་དང་ཕྱི་རྒྱལ་གྱི་ཡུལ་གྱི་གྲུ་རྣམས་སུ་བཤད་སྒྲུབ་ཀྱི་ཉམས་བཞེས་ཁྱབ་སྤེལ་མཛད་བཞིན་པའོ།།
༄༅། །འཆད་ཉན་གྱི་བྱུང་རིམ།
དེ་ཡང་སྔར་མཁན་སློབ་ཆོས་གསུམ་སྐབས་ནས་བཟུང་བསམ་ཡས་དང་ཀློག་པའི་ཆོས་གྲྭ་ཆེན་པོ་བཅུ་གཉིས་སོགས་སྔ་འགྱུར་བའི་དགོན་སྡེ་སྤྱི་དང་། བྱེ་བྲག་ཏུ་མ་དགོན་ཆེན་མོ་དྲུག་ཡན་ལག་དང་བཅས་པ་རྣམས་སུ་འདུལ་བ། ཚད་མ། མངོན་པ། དབུ་མ། ཤེར་ཕྱིན། སྔགས་ཕྱི་ནང་སོགས་གཞུང་ཆེན་ཁག་གིས་གཙོས་རྒྱ་བོད་ཀྱི་རིག་གཞུང་ཚང་ལ་མ་ནོར་བ་རྣམས་ལ་སློབ་གཉེར་ཕུལ་ཕྱིན་མཛད་པ་ལས། རོང་ཟོམ་མཧཱ་པཎྜི་ཏ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས། འཇམ་མགོན་མི་ཕམ་ཕྱོགས་ལས་རྣམ་རྒྱལ་སོགས་རྩོད་མེད་ཀྱི་མཁས་གྲུབ་མང་དུ་བྱོན། ད་ལྟའང་སྔ་འགྱུར་བའི་དགོན་སྡེ་སྤྱི་དང་། བྱེ་བྲག་གསང་སྔགས་གླིང་པའི་གཏེར་ལུང་ལས། དཔལ་ཡུལ་སྒྲུབ་པའི་སྡེ་ལ་བཤད་གྲྭ་འབྱུང་། །སྔ་མེད་མདོ་ཆོས་མང་པོ་དར་ནས་འོང། །ཞེས་གསུངས་པ་བཞིན་དཔལ་ཡུལ་བའི་གདན་སར་རབ་བྱུང་བཅོ་ལྔ་པའི་ཆུ་ཁྱི་ ༡༩༢༢ ལོར་གྲུབ་དབང་སྐུ་ཕྲེང་གཉིས་པ་རིག་འཛིན་དཔལ་ཆེན་འདུས་པས་དཔལ་ཡུལ་བཤད་གྲྭ་གསར་འཛུགས་མཛད་པ་ནས་བཟུང་བཤད་སྒྲུབ་ཟུང་འབྲེལ་གྱི་བསྟན་པ་སྔོན་ལས་ཀྱང་དར་རྒྱས་བྱུང། ཁྱད་པར་དུ་སྔ་འགྱུར་བའི་གདན་ས་ཆེན་མོ་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་འདིར་ ༡༩༦༤ ལོར་སྨྱོ་ཤུལ་མཁན་རིན་པོ་ཆེ་ཞབས་སོར་འཁོད་དེ་ཐོག་མའི་དཔེ་ཁྲིད་དུ། ཁྱད་པར་འཕགས་བསྟོད། ལྷ་ལས་ཕུལ་བྱུང། རྒྱལ་སྲས་ལག་ལེན། དེ་བཞིན་སྔོན་འགྲོ་བློ་སྦྱོང་སོགས་གནང། དེ་རྗེས་གྲུབ་དབང་སྐུ་ཕྲེང་གསུམ་པ་༧སྐྱབས་རྗེ་པདྨ་ནོར་བུ་མཆོག་ནས་ ༡༩༧༨ ཟླ་ ༢ ཚེས ༡༧ བོད་རྒྱལ་ལོ་ ༢༡༠༥ ཟླ་ ༡ ཚེས་ ༡༠ ཉིན་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་འདི་ཉིད་གསར་འཛུགས་མཛད་པ་ནས་གཙོ་བོ་སྔ་འགྱུར་རིང་ལུགས་གཞིར་བཞག་ཐོག རྒྱ་བོད་མཁས་པའི་བསྟན་བཅོས་ཚད་ལྡན་རྣམས་ལ་འཆད་ཉན་གྱིས་མཁས་པ་དུ་མ་བྱོན་དང་འབྱོན་བཞིན་པའོ།།
༄༅། །སོ་ཐར་སྡོམ་རྒྱུན།
ལྷ་མིའི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་མངོན་པར་རྫོགས་པར་སངས་རྒྱས་པས་རང་བྱུང་གིས་བསྙེན་པར་རྫོགས་ཤིང་། དེ་ལས་རིམ་པར་བརྒྱུད་དེ་བོད་དུ་མཁན་ཆེན་ཞི་བ་འཚོ་ལས་རྦ་རཏྣ་སོགས་སད་མི་མི་བདུན་རབ་ཏུ་བྱུང་བས་སྔ་འགྱུར་གྱི་དུས་བོད་གངས་ཅན་གྱི་ལྗོངས་སུ་རབ་བྱུང་གི་སྡེ་གསར་དུ་ཚུགས། ཕྱིས་གླང་དར་མས་འདུལ་བསྟན་བསྣུབས་པའི་དབང་གིས་འདུལ་བའི་བསྟན་པ་མེ་ཤི་བའི་དུད་ལྟར་གྱུར་ལ་ཉེ་བ་ན། བླ་ཆེན་དགོངས་པ་རབ་གསལ་མདོ་ཁམས་སྨད་ཕྱོགས་སུ་བཞུགས་པ་ལས་དབུས་པ་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་སོགས་བསྙེན་པར་རྫོགས་ཏེ་སླར་ཡང་འདུལ་བ་སོ་ཐར་གྱི་ལག་ལེན་དར་རྒྱས་བྱུང་བའི་སྡོམ་རྒྱུན་ལ་སྨད་འདུལ་དུ་གྲགས། དེ་ནས་རིམ་བཞིན་བརྒྱུད་དེ་རིག་འཛིན་ཀུན་བཟང་ཤེས་རབ་མཆོག་གིས་བསྙེན་རྫོགས་ཀྱི་དངོས་པོ་བཞེས་པ་ནས་བཟུང་གདན་སའི་ཁྲི་འཛིན་བཅུ་གཉིས་པའི་བར་དུ་རྟེན་འདུལ་འཛིན་ཆེན་པོ་ཤ་སྟག་བྱོན་རྒྱལ་བ་དཔལ་ཡུལ་བའི་དགོན་མ་ལག་ཡོངས་རྫོགས་ཀྱང་རབ་བྱུང་ངུར་སྨྲིག་འཛིན་པའི་སྡེ་འབའ་ཞིག་གིས་བསྐྱངས། གདན་རབས་བཅུ་གཅིག་པ་༧སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་མཆོག་གིས་ཀྱང་དཔལ་ཡུལ་བའི་གདན་ས་གསར་རྙིང་གཉིས་ཀྱིས་གཙོས་ཆོས་བརྒྱུད་འདི་འཛིན་པའི་དགོན་ཕྲན་རྣམས་དང་། དགོན་སྡེ་གཞན་བཅས་ཀྱི་དགེ་འདུན་པ་སྤྱི་ལོ་ ༡༩༥༩ ནས་ ༢༠༠༦ བརྒྱད་སྟོང་ ༨༠༠༠ མ་ཟིན་ཙམ་རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་བསྩལ་ཏེ། སངས་རྒྱས་བསྟན་པའི་རྩ་བ་རབ་བྱུང་འདུལ་བ་འཛིན་པའི་སྡེ་སྔར་བས་ཆེས་ཆེར་སྤེལ་བའི་སྒོ་ནས་དམ་ཆོས་འདུལ་བའི་བསྟན་པ་ཉི་མ་ཤར་བ་བཞིན་མཛད་དོ།།
ལྷ་མིའི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་ལ་ན་མོ།
༄༅། །སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་ངོ་སྤྲོད།
ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་ནི་༸སྐྱབས་རྗེ་གྲུབ་དབང་ཡིད་བཞིན་ནོར་བུས་སྤྱི་ལོ་ ༡༩༦༣ བོད་ཟླ་ པའི་ཚེས་ ༡༠ ཉིན་གསར་དུ་རྒྱ་གར་ལྷོ་ཕྱོགས་སུ་ཕྱག་བཏབ། སྔ་འགྱུར་བའི་གདན་ས་འདི་ལ་གཞི་རིམ་སློབ་གྲྭ་འཛིན་རིམ་བརྒྱད་ཅན་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་དང་། སྔ་འགྱུར་སྒྲུབ་སྡེ་བསམ་གཏན་འོད་གསལ་གླིང་དང་། བསམ་གཏན་དགའ་བའི་གླིང་། མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་།
མཐོང་བ་བརྒྱུད་པའི་ཕྱག་བཞེས་འཛིན་ས་གྲྭ་ཚང་དང་། འཕགས་བོད་ཀྱི་པཎ་གྲུབ་རྣམས་ཀྱི་གཞུང་ལ་འཆད་ཉན་གནང་ས་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་སོགས་ལས་གྲུབ་པའི་ཆོས་སྡེ་ཆེན་པོ་ཞིག་གོ།
མཐོ་སློབ་ཆེན་མོའི་ཕྱོགས་ཀྱི་རྣམ་གྲོལ་གླིང་གི་པར།
མཐོ་སློབ་འདི་ནི་༸སྐྱབས་རྗེ་རིན་པོ་ཆེས་སྤྱི་ལོ་ ༡༩༧༨ ཟླ་ ཚེས་ ༡༧ བོད་རྒྱལ་ལོ་ ༢༡༠༥ ཟླ་བ་ པོའི་ཚེས་ ༡༠ ཉིན་གསར་དུ་ཟུར་བཙུགས་གནང་། མཐོ་སློབ་འདི་ལ་ལོ་རིམ་སོ་སོའི་ཚོགས་ཁང་། དགེ་རྒན་གྱི་ལས་ཤག སློབ་གཉེར་བའི་བཞུགས་ཤག
རྒྱུན་ལས་ཡིག་ཚང་། རུང་ཁང་། འདུས་པ་བྱིངས་ཀྱི་ཚོགས་ཁང་། གཙུག་ལག་ཁང་། དཔེ་མཛོད་ཁང་། སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ཁང་། རྩིས་འཕྲུལ་སྡེ་ཚན། རྒྱལ་ཡོངས་རྙིང་མའི་ཚིག་མཛོད་སྡེ་ཚན། སྔ་འགྱུར་རྙིང་མའི་ཞིབ་འཇུག་སྡེ་ཚན། པདྨ་མ་ཎི་སྒྲ་བསྒྱུར་སྡེ་ཚན། ཞི་འཚོ་ཇ་ཁང་དང་ཚོང་ཁང་བཅས་ཡོད།
དེའང་བཤད་གྲྭ་འདི་ལྟ་བུ་བཙུགས་དགོས་པའི་དམིགས་ཡུལ་ནི།
༸སྐྱབས་རྗེ་རིན་པོ་ཆེའི་ཞལ་ནས།   རྣམ་གྲོལ་གླིང་གི་དགོན་པ་བརྒྱབ་ནས་བཤད་གྲྭ་འདི་བཙུགས་ཡ་དེ་སངས་རྒྱས་བསྟན་པ་སྤྱི་དང་། ཁྱད་པར་སྔ་འགྱུར་རྙིང་མ་བའི་བསྟན་པ་དེ་བོད་ལ་ཆག་ཉམས་ཆེན་པོ་ཞིག་འགྲོ་ཚར་དུས། བསྟན་པ་དེ་གོང་འཕེལ་དུ་ཡོང་ཨེ་ཐུབ་བསམ་ནས། ཐོག་མར་ཁང་པའི་རྨང་བཞག་པའི་སྐབས་སུ་དེའི་བསམ་མནོ་བཏང་ནས་ལོ་གྲངས་ག་ཚོད་ལ་དཀའ་ངལ་བརྒྱབ་ཡོད་ཡོད་མེད།  ཁྱེད་རང་རྣམས་ཀྱིས་མཁྱེན་བཞིན་པ་རེད། ཡིན་ནའང་ད་ལྟ་རང་གི་བསམ་པ་དང་མཐུན་པ་འདྲ་པོ་ཞིག་བྱུང་སོང་། ཞེས་གསུངས།
གཞན་ཡང་༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེའི་ཞལ་ནས།
རྣམ་གྲོལ་གླིང་ལ་གཙོ་བོ་བཤད་གྲྭ་བཙུགས་ནས་ལོ་མང་པོ་སོང་ཡོད་རེད། དེ་ལ་བརྟེན་ནས་མཁས་པ་མང་པོ་ཐོན་གྱི་ཡོད། མཁས་དབང་དེ་ཚོས་བསྟན་པར་འཆད་སྤེལ་རྒྱ་ཆེར་མཛད་པ་དང་། རྙིང་མའི་བཤད་གྲྭ་བཙུགས་ཐུབ་ཚད་ཕལ་ཆེར་ལ་དགེ་རྒན་འདྲ་བཏང་ནས། དེ་འདྲ་ཞིག་གི་སྒོ་ནས་རྙིང་མའི་བསྟན་པ་ལ་ཞབས་ཕྱི་ཕྲན་བུ་རེ་འབྱོར་ཡོད་བསམ་གྱི་ཡོད། ཅེས་གསུངས་པ་ལྟར་བཤད་གྲྭ་འདི་ནས་འདི་ལོ་སྤྱི་ལོ་ ༢༠༡༩ ལོའི་བར་སློབ་མ་ ༣༢༧༧ གྱིས་སློབ་སྦྱོང་གི་གོ་སྐབས་དང་མཁན་པོ་ ༣༦༣ དང་།

༢༠༢༡ ལོའི་བར་སློབ་དཔོན་ངེས་གསང་ལེགས་བཤད་མཛོད་འཆང་བཞེས་མཁན་ ༡༢༣༢ ཙམ་བསླབ་པ་མཐར་སོན་ནས་བོད་དང་རྒྱ་གར་འབྲུག་བལ་ཡུལ་ཕྱི་རྒྱལ་སོགས་ཡུལ་གྲུ་དུ་མར་བསྟན་འགྲོའི་དོན་ལ་རང་རང་སོ་སོས་ནུས་ཚོད་དང་མཐུན་པའི་བྱ་བ་བྱས་དང་བྱེད་བཞིན་པའོ།།
༸སྐྱབས་རྗེ་གྲུབ་དབང་ཡིད་བཞིན་ནོར་བུའི་ཐུགས་དགོངས་དང་མཐུན་པར་གཙོ་བོ་མཁན་ཆེན་རྣམ་གསུམ་དང་མཆོག་གི་སྤྲུལ་སྐུ་རྣམ་གསུམ། གཞན་ཡང་མཁན་སློབ་རྣམས་ཀྱི་ལྷག་བསམ་ལ་བརྟེན་ནས་མཐོ་སློབ་འདི་དར་རྒྱས་སུ་འགྲོ་བཞིན་པ་དང་། སྔར་སྲོལ་ལྟར་སྤྱི་ལོ་ ༢༠༡༩ ལོའི་ནང་ལའང་མཁན་སློབ་གྲངས་ཞེ་གཉིས་ཀྱིས་དཔེ་ཁྲིད་དང་འཛིན་སྐྱོངས་གནང་བཞིན་ཡོད།
མཐོ་སློབ་འདིར་འཛིན་རིམ་དགུ་ཡོད་ལ་དེ་དག་ནང་སྤྱི་ལོ་ ༢༠༡༩ ལོའི་ནང་སློབ་སྦྱོངས་བྱེད་བཞིན་པའི་སློབ་ཕྲུག་སྤྲུལ་སྐུ་དང་དགེ་འདུན་པ་གཅིག་སྟོང་ལྷག་ཙམ་དང་དགེ་རྒན་བཞི་བཅུ་ཞེ་གཉིས་རྣམས་ཀྱིས་རྒྱལ་བའི་བསྟན་པ་སྤྱི་དང་བྱེ་བྲག་སྔ་འགྱུར་བའི་བསྟན་པ་དྲི་མ་མེད་པ་འཇིག་རྟེན་གྱི་ཁམས་འདིར་ཡུན་ནས་ཡུན་དུ་གནས་པ་དང་སྐྱེ་འགྲོ་རྣམས་ཀྱི་བདེ་སྐྱིད་ཀྱི་ཆེད་དུ་དམིགས་ནས་འཆད་ཉན་ལ་འབད་བརྩོན་གནང་བཞིན་པ་ལགས་སོ།།
འཇིགས་བྲལ་སྔ་འགྱུར་བསྟན་པའི་རྒྱལ་མཚན་བསྒྲེངས། །ལུང་རྟོགས་ཆོས་ཀྱི་རྒྱལ་རྔ་ཕྱོགས་ཀུན་བསྒྲགས། །རིགས་ལམ་སེངྒེའི་ང་རོས་ས་གསུམ་ཁྱབ། །མཚུངས་མེད་དགེ་མཚན་སྣང་བ་རྒྱས་གྱུར་ཅིག།
༄༅། །དྲྭ་བ་འདིའི་ཡིག་ཆ་ཕལ་ཆེར་རྣམས་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་བགྲང་བྱ་ཉེར་ལྔ་འཁོར་བའི་དྲན་དེབ་ལྷ་ཡི་མེ་ཏོག་ལས་ཟུར་བཀོལ་བྱས།།