སྤྱི་ལོ་ ༡༩༧༨ ལོར་༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེའི་དགོངས་དོན་ལྟར་མཁན་རིན་པོ་ཆེ་བརྩོན་འགྲུས་མཆོག་གིས་ལོ་དགུའི་སློབ་ཚན་ཁག་གཏན་འབེབས་གནང་། སླར་ཡང་ སྤྱི་ལོ་ ༡༠༨༧ ཟླ་བ་ ༡ ནང་ ༸སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་རྣམ་གཉིས་ཀྱི་བཀའ་སློབ་དགོངས་དོན་ཟབ་མོའི་གཞིར་བཟུང་། དམིགས་བསལ་གདན་ཞུས་ཀྱིས་ཕྱོགས་མཐའ་ཁག་ནས་ཕེབས་པའི་མཁས་དབང་ཁག་དང་། འདི་གའི་མཁན་སློབ་ལས་བྱེད་ལྷན་འཛོམས་ཐོག་བཀའ་བགྲོས་ཞིབ་རྒྱས་གནང་མཐར་སྔར་གཏན་འབེབས་ཟིན་པའི་སློབ་ཚན་ལ་ཅུང་ཟད་འཕྲི་སྣོན་དང་། ཕྱི་ནང་གི་སྲོལ་བཟང་ལེགས་བཏུས་ཀྱིས་གཏན་འབེབས་གནང་། སྤྱི་ལོ་ ༡༩༩༨ ལོར་ ༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེའི་བཀའ་དགོངས་གཞིར་བཟུང་ཐོག་རྒྱུན་ལས་ལྷན་འཛོམས་ཀྱིས་སྔ་འགྱུར་ཐུན་མིན་ལྟ་གྲུབ་རྩལ་འདོན་བྱུང་སླད་སླར་ཡང་གཏན་འབེབས་གནང་བ་དང་། ༸གོང་ས་ཡིད་བཞིན་ནོར་བུའི་བཀའ་དགོངས་ལྟར་སྤྱི་ལོ་ ༢༠༡༤ ལོར་རྣམ་གླིང་ཆེས་མཐོའི་འགན་འཛིན་རྣམ་པ་དང་། བཤད་གྲྭའི་རྒྱུན་ལས་གཉིས་ལྷན་འཛོམས་ཐོག་བརྗོད་གཞི་མཁན་ཆེན་ཞི་འཚོས་མཛད་པའི་ཚད་མ་དེ་ཁོ་ན་ཉིད་བསྡུས་པའི་ཚིག་ལེའུར་བྱས་པ་དེ་ཉིད་སྔ་འགྱུར་མཐོ་སློབ་ཆེན་མོའི་སློབ་ཚན་དུ་བཞག་རྒྱུའི་ཐག་གཅོད་བྱུང་དོན་ལྟར་ཚད་མ་རྣམ་འགྲེལ་གྱི་བརྗོད་བྱ་དང་མཐུན་པར་ཚད་མ་དེ་ཁོ་ན་ཉིད་ལོ་རིམ་བཞི་པོ་སོ་སོར་བགོས་པ་བཅས་ནི་གཤམ་གསལ་ལྟར་རོ།།

སྔོན་འགྲོའི་འཛིན་གྲྭ།
སློབ་ཚན།

དག་ཡིག་པད་དཀར་ཆུན་པོ། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ། དཀའ་གནད་གསལ་བའི་མེ་ལོང་།  ལེགས་བཤད་ལྗོན་དབང་། དབྱངས་ཅན་གྲུབ་པའི་རྡོ་རྗེ།
རྟགས་རིགས་ཆོས་ཀྱི་སྒོ་འབྱེད།   བསྡུས་ཚན་རིགས་ལམ་སྒོ་འབྱེད།    བློ་རིགས་བློ་ཡི་སྒོ་འབྱེད།

ལོ་རིམ་དང་པོ།
༼ རྩ་བའི་སློབ་ཚན༽

སྡོམ་གསུམ་རྣམ་པར་ངེས་པའི་བསྟན་བཅོས།  མངའ་རིས་པཎ་ཆེན་པདྨ་དབང་རྒྱལ།
དེའི་མཆན་འགྲེལ་རིག་འཛིན་འཇུག་ངོག  མཁན་པོ་ཡོན་དགའ།
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ།  རྒྱལ་སྲས་ཞི་བ་ལྷ།
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཞེས་བྱ་བའི་མཆན་འགྲེལ།  གཞན་ཕན་སྣང་བ།

༼ ཡན་ལག་སློབ་ཚན ༽
ལུང་སྟོན་པ་རྩ་བ་སུམ་བཅུ་པ།  ཐུ་མི་སམ་བྷོ་ཌ།
དེའི་འགྲེལ་པ་འཕྲུལ་གྱི་ལྡེ་མིག  རྒྱལ་སྲས་གཞན་ཕན།
ཡང་ན་འགྲེལ་པ་ནོར་བུའི་མེ་ལོང་།  མཁན་པོ་བརྩོན་འགྲུས།
རྟགས་རིགས་ཀྱི་རྣམ་བཞག  མཁན་པོ་བརྩོན་འགྲུས།
ཀ་རི་ཀྰ་ལྔ་བཅུ་པའི་ཚིག་ལེའུ་བྱས་པ།  སློབ་དཔོན་ཀླུ་སྒྲུབ།
དེའི་མཆན་འགྲེལ་ནོར་བུའི་འཕྲེང་བ། ཀུན་མཁྱེན་མི་ཕམ་རྒྱ་མཚོ།
ཁྱད་པར་འཕགས་པའི་བསྟོད་པ།  སློབ་དཔོན་མཐོ་བཙུན་གྲུབ་རྗེ།
དེའི་འགྲེལ་པ།    སློབ་དཔོན་ཤེས་རབ་གོ་ཆ།
གངས་ལྔོངས་རྒྱལ་བསྟན་ཡོངས་ཀྱི་ཕྱི་མོ་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་ཇི་ལྟར་བྱུང་བའི་ཚུལ་དག་ཅིང་གསལ་བར་བརྗོད་པ་ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་བོ་ཆེའི་སྒྲ་དབྱངས་ཞེས་བྱ་བའི་སྐབས་དང་པོ།  བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།

ལོ་རིམ་གཉིས་པ།
༼ རྩ་བའི་སློབ་ཚན་ ༽

དབུ་མ་རྒྱན་གྱི་ཚིག་ལེའུར་བྱས་པ།  མཁན་ཆེན་ཞི་བ་འཚོ།
དེའི་འགྲེལ་པ་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་།  ཀུན་མཁྱེན་མི་ཕམ་རྒྱ་མཚོ།
མཁས་པའི་ཚུལ་ལ་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས།   ཀུན་མཁྱེན་མི་ཕམ་རྒྱ་མཚོ།

༼ ཡན་ལག་སློབ་ཚན་ ༽
ཡིད་བཞིན་མཛོད་ཀྱི་གྲུབ་བསྡུས།  ཀུན་མཁྱེན་མི་ཕམ་རྒྱ་མཚོ།
ལུང་སྟོན་པ་རྟགས་ཀྱི་འཇུག་པ།  ཐུ་མི་སམ་བྷོ་ཌ།
དེའི་འགྲེལ་པ་འཕྲུལ་གྱི་ལྡེ་མིག  རྒྱལ་སྲས་གཞན་ཕན།
ཡང་ན་འགྲེལ་པ་ནོར་བུའི་མེ་ལོང་། མཁན་ཆེན་བརྩོན་འགྲུས།
ཆོས་འབྱུང་ལྷ་དབང་གཡུལ་ལས་རྣམ་པར་རྒྱལ་བའི་རྔ་བོ་ཆེའི་སྒྲ་དབྱངས་སྐབས་གཉིས་པ་དང་གསུམ་པ།  བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
རྒྱལ་རབས་དྭངས་ཤེལ་འཕྲུལ་གྱི་མེ་ལོང་དབུ་ནས་ཁྲི་སྲོང་བར།  བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།

ལོ་རིམ་གསུམ་པ།
༼ རྩ་བའི་སློབ་ཚན་༽

དབུ་མ་འཇུག་པ་དང་དེའི་རང་འགྲེལ།  སློབ་དཔོན་ཟླ་བ་གྲགས་པ།
དབུ་མ་རྩ་བའི་ཚིག་ལེའུར་བྱས་པ།  སློབ་དཔོན་ཀླུ་སྒྲུབ།
དེའི་འགྲེལ་བ་ཀླུ་དབང་དགོངས་རྒྱན། ཀུན་མཁྱེན་མི་ཕམ་རྒྱ་མཚོ།
བསྟན་བཅོས་བཞི་བརྒྱ་པ་ཞེས་བྱ་བ།  སློབ་དཔོན་འཕགས་པ་ལྷ།
དེའི་འགྲེལ་བ་ཀླུ་དབང་དགོངས་རྒྱན། བོད་པ་སྤྲུལ་སྐུ།

༼ ཡན་ལག་སློབ་ཚན་ ༽
ཆོས་འབྱུང་ལྷ་དབང་གཡུལ་རྒྱལ་སྐབས་བཞི་པ།  བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
རྒྱལ་རབས་ཁྲི་སྲོང་ནས་དུམ་བུ་དང་པོ་ཆ་ཚང་།  བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
ཚད་མ་རིག་པའི་སྒོ་ཞེས་བྱ་བ།  སློབ་དཔོན་ཕྱོགས་གླང་།
དོན་རྣམ་པར་ངེས་པ་ཤེས་རབ་རལ་གྲི།  ཀུན་མཁྱེན་མི་ཕམ་རྣམ་རྒྱ་མཚོ།
དེའི་འགྲེལ་བ་ཐུབ་བསྟན་ཡོངས་རྫོགས་སྣང་བྱེད། བསྟན་པའི་རྒྱལ་མཚན།
སྙན་ངག་ལེའུ་བར་བའི་འགྲེལ་པ་དོན་གཞན་བཀོད་པ་ཡན།  ཀུན་མཁྱེན་མི་ཕམ་རྒྱ་མཚོ།

ལོ་རིམ་བཞི་པ།
༼ རྩ་བའི་སློབ་ཚན།༽

དམ་ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ།  སློབ་དཔོན་དབྱིག་གཉེན།
དེའི་འགྲེལ་པ་རིན་པོ་ཆེའི་དོ་ཤལ་བློ་གསལ་དགྱེས་པའི་མགུལ་རྒྱན།  ཀུན་མཁྱེན་མི་ཕམ་རྒྱ་མཚོ།
རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ།  སློབ་དཔོན་ཆོས་ཀྱི་གྲགས་པ།
དེའི་འགྲེལ་པ་ལེགས་བཤད་སྣང་བའི་གཏེར་ལེའུ་གཉིས་པ།  ཀུན་མཁྱེན་མི་ཕམ་རྒྱ་མཚོ།
རྣམ་འགྲེལ་ལེའུ་གཉིས་པའི་བརྗོད་བྱ་དང་མཐུན་པའི་ཚད་མ་དེ་ཁོ་ན་ཉིད།
ཚད་མ་གཞན་བརྟག་པ་ཉེར་གསུམ་པ། འཇིག་རྟེན་རྒྱང་འཕེན་པ་བརྟག་པ་ཉེར་དྲུག་པ། རང་ལས་ཚད་མ་བརྟག་པ་ཉེར་དགུ་པ། དབང་པོ་ལས་འདས་པའི་དོན་མཐོང་བ་ཅན་གྱི་སྐྱེས་བུ་བརྟག་པ་སུམ་ཅུ་པ།
  མཁན་ཆེན་ཞི་བ་འཚོ།

༼ ཡན་ལག་སློབ་ཚན་ ༽
རྒྱལ་རབས་དུམ་བུ་གཉིས་པ་དང་གསུམ་པ།   བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
ཆོས་འབྱུང་ལྷ་དབང་གཡུལ་རྒྱལ་སྐབས་ལྔ་པ།  བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
སྙན་ངག་འགྲེལ་པའི་ཐོག་ལྡོག་པ་ཅན་གྱི་རྒྱན་ནས་ལེའུ་བར་པ་ཆ་ཚང་།  ཀུན་མཁྱེན་མི་ཕམ་རྒྱ་མཚོ།
ཤེས་རབ་ལེའུའི་འགྲེལ་པ་ཀེ་ཏ་ཀ  ཀུན་མཁྱེན་མི་ཕམ་རྒྱ་མཚོ།
དབུས་དང་མཐའ་རྣམ་པར་འབྱེད་པའི་བསྟན་བཅོས།  རྒྱལ་ཚབ་བྱམས་པ་མགོན་པོ།
དེའི་འགྲེལ་པ་འོད་ཟེར་ཕྲེང་བ། ཀུན་མཁྱེན་མི་ཕམ་རྒྱ་མཚོ།
རྒྱལ་བ་དཔལ་ཡུལ་བའི་གདན་རབས་འཆི་མེད་ཡོངས་འདུའི་ལྗོན་པའི་ཕྲེང་བ།  འཇམ་དཔལ་བཟང་པོ།

མདོ་གོང་མ་ལོ་རིམ་ལྔ་པ།
༼ རྩ་བའི་སློབ་ཚན་ ༽

ཐེག་པ་ཆེན་པོའི་རྒྱུད་བླ་མའི་བསྟན་བཅོས།  རྒྱལ་ཚབ་བྱམས་པ་མགོན་པོ།
དེའི་འགྲེལ་བ་མི་ཕམ་ཞལ་ལུང་། ཀུན་མཁྱེན་མི་ཕམ་རྒྱ་མཚོ།
སྟོང་ཐུན་སེངྒེའི་ང་རོ།  ཀུན་མཁྱེན་མི་ཕམ་རྒྱ་མཚོ།
ངེས་ཤེས་རིན་པོ་ཆེ་སྒྲོན་མེ།  ཀུན་མཁྱེན་མི་ཕམ་རྒྱ་མཚོ།
ངེས་ཤེས་རིན་པོ་ཆེའི་སྒྲོན་མེའི་ཚིག་གི་དོན་གསལ་བའི་འགྲེལ་ཆུང་བློ་གྲོས་སྣང་བའི་སྒོ་འབྱེད།  མཁན་ཆེན་ཀུན་བཟང་དཔལ་ལྡན།
ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ།  སློབ་དཔོན་ཆོས་ཀྱི་གྲགས་པ།
དེའི་འགྲེལ་ཆེན་ལེགས་བཤད་སྣང་བའི་གཏེར་ལེའུ་དང་པོ།  ཀུན་མཁྱེན་མི་ཕམ་རྒྱ་མཚོ།
རྣམ་འགྲེལ་ལེའུ་དང་པོའི་བརྗོད་བྱ་དང་མཐུན་པའི་ཚད་མ་དེ་ཁོ་ན་ཉིད་བསྡུས་པའི་ཚིག་ལེའུར་བྱས་པ།
རང་བཞིན་བརྟག་པ་དང་པོ་ནས་ལས་དང་འབྲས་བུའི་འབྲེལ་བ་བརྟག་པ་བཅུ་བཞི་པ་ རྗེས་དཔག་བརྟག་པ་ཉེར་གཉིས་པ། མཁན་ཆེན་ཞི་བ་འཚོ།

༼ ཡན་ལག་སློབ་ཚན་༽
ཐེག་པ་ཆེན་པོ་མདོ་སྡེ་རྒྱན་ཞེས་བྱ་བ།  རྒྱལ་ཚབ་བྱམས་པ་མགོན་པོ།
ཐེག་ཆེན་མདོ་སྡེ་རྒྱན་གྱི་དགོངས་དོན་རྣམ་པར་བཤད་པ་ཐེག་མཆོག་བདུད་རྩིའི་དགའ་སྟོན།  ཀུན་མཁྱེན་མི་ཕམ་རྒྱ་མཚོ།
ལྟ་གྲུབ་ཤན་འབྱེད། བོད་པ་སྤྲུལ་སྐུ།
ཆོས་འབྱུང་ལྷ་དབང་གཡུལ་རྒྱལ་སྐབས་དྲུག་པ།  བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།

ལོ་རིམ་དྲུག་པ།
༼  རྩ་བའི་སློབ་ཚན་ ༽

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན།  རྒྱལ་ཚབ་བྱམས་པ་མགོན་པོ།
དེའི་འགྲེལ་པ་དོན་གསལ།  སློབ་དཔོན་སེངྒེ་བཟང་པོ།
ཤེར་ཕྱིན་སྤྱི་དོན།   དཔལ་སྤྲུལ་སེམས་དཔའ་ཆེན་པོ།
ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ།  དཔལ་ལྡན་ཆོས་ཀྱི་གྲགས་པ།
དེའི་འགྲེལ་པ་ལེགས་བཤད་སྣང་བའི་གཏེར་གྱི་ལེའུ་གསུམ་པ།  ཀུན་མཁྱེན་མི་ཕམ་རྒྱ་མཚོ།
རྣམ་འགྲེལ་ལེའུ་གསུམ་པའི་བརྗོད་བྱ་དང་མཐུན་པའི་ཚད་མ་དེ་ཁོ་ན་ཉིད།
མངོན་སུམ་གྱི་མཚན་ཉིད་བརྟག་པ་ཉེར་གཅིག་པ། ཕྱི་རོལ་གྱི་དོན་བརྟག་པ་ཉེར་བདུན་པ། ཐོས་པ་བརྟག་པ་ཉེར་བརྒྱད་པ། མཁན་ཆེན་ཞི་བ་འཚོ།

༼ ཡན་ལག་སློབ་ཚན་ ༽
སོ་སོར་ཐར་པའི་མདོ། སངས་རྒྱས།
དེའི་མཆན་འགྲེལ།  གཞན་ཕན་སྣང་བ།
ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པའི་བསྟན་བཅོས།  རྒྱལ་ཚབ་བྱམས་པ་མགོན་པོ།
དེའི་འགྲེལ་པ་ཡེ་ཤེས་སྣང་བ་རྣམ་འབྱེད། ཀུན་མཁྱེན་མི་ཕམ་རྒྱ་མཚོ།
ཆོས་འབྱུང་ལྷ་དབང་གཡུལ་རྒྱལ་སྐབས་བདུན་པ་དང་བརྒྱད་པ།  བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།

རྒྱུད་སྡེ་གོང་འོག་ལོ་རིམ་བདུན་པ།
༼ རྩ་བའི་སློབ་ཚན་ ༽

འདུལ་བ་མདོ་རྩ་གཞི་སྟོད།  སློབ་དཔོན་ཡོན་ཏན་འོད།
དེའི་མཆན་འགྲེལ་པདྨ་དཀར་པོའི་ལྔོན་ཤིང་།  གཞན་ཕན་སྣང་བ།
ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ།  དཔལ་ལྡན་ཆོས་ཀྱི་གྲགས་པ།
དེའི་འགྲེལ་བ་ལེགས་བཤད་སྣང་བའི་གཏེར་ལའུ་བཞི་པ།  ཀུན་མཁྱེན་མི་ཕམ་རྒྱ་མཚོ།
རྣམ་འགྲེལ་ལེའུ་བཞི་པ་དང་མཐུན་པར་ཚད་མ་དེ་ཁོ་ན་ཉིད་བསྡུས་པའི་ཚིག་ལེའུར་བྱས་པ།
རྫས་ཀྱི་དོན་བརྟག་པ་བཅོ་ལྔ་པ། སྒྲའི་དོན་བརྟག་པ་ཉི་ཤུ་པ། འགྱུར་བར་སྨྲ་བ་བརྟག་པ་ཉེར་བཞི་པ། དུས་གསུམ་བརྟག་པ་ཉེར་ལྔ་པ། མཁན་ཆེན་ཞི་བ་འཚོ།
ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར།  རིགས་འཛིན་འཇིགས་མེད་གླིང་པ།
དེའི་འགྲེལ་པ་ཉི་མའི་འོད་ཟེར་དང་ཟླ་བའི་འོད་ཟེར།  མཁན་པོ་ཡོན་དགའ།
གསང་སྙིང་འགྲེལ་པ་ཕྱོགས་བཅུ་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ།  ཀུན་མཁྱེན་མི་ཕམ་རྒྱ་མཚོ།
སྤྱི་མདོ་དགོངས་པ་འདུས་པ། ཆོས་སྐུ་ཀུན་ཏུ་བཟང་པོ།
དེའི་འགྲེལ་པ་རྣལ་འབྱོར་ཉི་མ་གསལ་བར་བྱེད་པའི་ལེགས་བཤད་གཟི་ལྡན་འཆར་ཁའི་འོད་སྣང་དོ་གལ་ཅན་གྱི་ལེའུ་ཁག་གསུམབཞི་བཤད་ཁྲིད་དང་ལྷག་མ་ལུང་།  མཁན་ནུས་ལྡན།

ལོ་རིམ་བརྒྱད་པ།
༼ རྩ་བའི་སློབ་ཚན་༽

འདུལ་བ་མདོ་རྩ་གཞི་སྨད།  སློབ་དཔོན་ཡོན་ཏན་འོད།
དེའི་མཆན་འགྲེལ་པདྨ་དཀར་པོའི་ལྗོན་ཤིང་།  གཞན་ཕན་སྣང་བ།
མན་ངག་ལྟ་བའི་ཕྲེང་བ།  སློབ་དཔོན་པདྨ་འབྱུང་གནས།
སྣང་བ་ལྷ་སྒྲུབ་ཆེན་མོ།  ཀུན་མཁྱེན་རོང་ཟོམ་མ་ཧྰ་པཎྜི་ཏ།
ཡིད་བཞིན་རིན་པོ་ཆེའི་མཛོད་དང་དེའི་རང་འགྲེལ་པདྨ་དཀར་པོ། ཀུན་མཁྱེན་ཀློང་ཆེན་རབས་འབྱམས།
གསང་བ་སྙིང་པོ། ཆོས་སྐུ་ཀུན་ཏུ་བཟང་པོ། དེའི་འགྲེལ་པ་སྤྱི་དོན་མཛོད་ཀྱི་ལྡེ་མིག། རྡོ་གྲུབ་བསྟན་པའི་ཉི་མ།

ལོ་རིམ་དགུ་པ།
༼ རྩ་བའི་སློབ་ཚན་ ༽

རང་གྲོལ་སྐོར་གསུམདང་དེའི་རང་འགྲེལ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས།
ཡང་ན་ཐེག་ཆེན་ཚུལ་འཇུག ཀུན་མཁྱེན་རོང་ཟོམ་མ་ཧྰ་པཎྜི་ཏ།
སྒྲུབ་པ་བཀའ་བརྒྱད་ཀྱི་རྣམ་བཤད་དངོས་གྲུབ་སྙིང་པོ།  ཀུན་མཁྱེན་མི་ཕམ་རྒྱ་མཚོ།
བསྐྱེད་རིམ་ཁྲིད་ཡིག་འོག་མིན་བགྲོད་པའི་ཐེམ་སྐས།  རིག་འཛིན་འཇིགས་མེད་གླིང་པ།
སྲོག་སྡོམ་གཟེར་བཞིའི་མན་ངག་ཚངས་པའི་སྒྲ་དབྱངས།  དཔལ་སྤྲུལ་སེམས་དཔའ་ཆེན་པོ།
རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས།
རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོའི་འགྲེལ་པ་ཤིང་རྟ་ཆེན་པོ།  ཀུན་མཁྱེན་ཀློང་ཆེན་རབ་འབྱམས།
༄༅། །རྒྱུགས་སྤྲོད་ཀྱི་རིམ་པ།
དེ་ཡང་སྤྱིར་མཁས་པའི་བྱ་བ་རྣམ་གསུམ་ལས་རྩོམ་རིག་ལ་གོམས་པ་རྒྱ་བསྐྱེད་ཅིང་རང་གིས་སྦྱངས་པ་བྱས་པའི་གནས་སྐབས་ཀྱི་གྲུབ་དོན་གསལ་ཐུབ་པ་དང་། ལྷག་པར་དུ་དེང་རབས་ཀྱི་མཐོ་སློབ་ཆེན་པོ་ཁག་གི་ལུགས་སྲོལ་དང་མཐུན་པར། ༧སྐྱབས་རྗེ་གྲུབ་དབང་རིན་པོ་ཆེའི་བཀའ་དགོངས་ལྟར་གསར་ཞུགས་ཡིག་རྒྱུགས་དང་། དེ་བཞིན་ཟླ་འཁོར་དང་ལོ་འཁོར་ཡིག་རྒྱུགས་ལེན་པའི་སྲོལ་སྐྱོང་བཞིན་ཡོད།

༄༅། །གསར་ཞུགས་རྒྱུགས་སྤྲོད།
ལོ་ལྟར་བོད་ཟླ་ ༢  ཚེས་  ༣ ཉིན་བཤད་གྲྭ་དབུ་འཛུགས་སྐབས་དམིགས་བསལ་ཐོབ་རིགས་མ་གཏོགས་སློབ་གཉེར་བ་བཤད་གྲྭར་གསར་དུ་ཞུགས་འདོད་ཡོད་པ་རྣམས་ཀྱིས་བྲིས་རྒྱུགས་དང་ངག་རྒྱུགས་ངེས་པར་དུ་གཏོང་དགོས། བྲིས་རྒྱུགས་ཀྱི་དུས་ཚོད་སྐབས་ཐོབ་གསལ་སྒྲགས་ལྟར་འཛོམས། ལོ་འཁོར་རྒྱུགས་སྤྲོད་དོ་དམ་པས་གཙོ་འགན་བཞེས་པས་སུམ་རྟགས་དང་རྒྱལ་རབས་ཆོས་འབྱུང་སོགས་ཀྱི་དྲི་བ་རྣམས་དྲི་ཤོག་གཅིག་ཏུ་བྲིས་ནས་བཀྲམ། ཡིག་རྒྱུགས་གྱི་དུས་ཡུན་ཆུ་ཚོད་  ༣་ཡོད། དྲི་ཤོག་ཞིབ་ཚགས་བཀླགས་རྗེས་གཙོ་བོ་བརྗོད་བྱ་དང་། དེ་བཞིན་དག་ཆ་དང་སྡེབ་སྦྱོར། ཡིག་གཟུགས་སོགས་གང་ལེགས་བྲིས་ཏེ་མཐའ་གྲུབ་སྐབས་སོ་སོའི་མིང་བཀོད་ནས་རྒྱུགས་བཞེས་པར་འབུལ་དགོས། དེ་རྗེས་མཁན་སློབ་རྣམས་ཀྱིས་ཐུན་མོང་རིག་གནས་དང་། ཐུན་མིན་ནང་དོན་སྐོར་ངག་རྒྱུགས་ལེན་སྲོལ་ཡོད། བོད་ཟླ་  ༢   ཚེས་  ༨  ཉིན་ལོ་འཁོར་རྒྱུགས་སྤྲོད་ཀྱི་གྲུབ་འབྲས་ཨང་ཐོབ་ཤོག་ལྷེ་གནང་གྲུབ་མཚམས་གསར་ཞུགས་ཀྱི་རྒྱུགས་འཕྲོད་རིགས་རྣམས་ཀྱི་མཚན་ཐོ་གསལ་བསྒྲགས་གནང་སྐབས་བཤད་གྲྭར་ཚུད་ཡོད་མེད་གསལ་ཐུབ།

༄༅། །ཟླ་འཁོར་རྒྱུགས་སྤྲོད།
དེ་ལ་འཛིན་རིམ་དང་པོ་དང་གཉིས་པ་གཉིས་སུ་རྩ་བའི་སློབ་ཚན་རྣམས་གཙོར་བྱས་ཟླ་རེར་བྲིས་རྒྱུགས་ཀྱི་རིམ་པ་སྟབས་གང་འགྲིགས་ལ་ལེན་བཞིན་ཡོད། དེ་ནི་ལོ་འཁོར་རྒྱུགས་སྤྲོད་ལ་ཉམས་མྱོང་འཐོབ་ཕྱིར་ཡིན། འཛིན་རིམ་གསུམ་པ་ཡན་ཆད་ཟླ་རྒྱུགས་ལེན་སྲོལ་མེད། ཟླ་རྒྱུགས་ཀྱི་དྲི་བ་ཁག་སོ་སོའི་འཛིན་གྲྭའི་མཁན་སློབ་ཀྱིས་བཀོད་ཅིང་། རྒྱུགས་སྤྲོད་ཀྱི་དུས་ཡུན་སོགས་གསར་ཞུགས་རྒྱུགས་སྤྲོད་དང་གཅིག་མཚུངས་ཡིན། མཐའ་མའི་གྲུབ་འབྲས་རྒྱུགས་བཞེས་མཁན་སློབ་སོ་སོའི་ཐུགས་ཁོམས་དང་བསྟུན་ཨང་ཐོབ་རྣམས་འཛིན་གྲྭ་སོ་སོའི་སློབ་ཁང་དུ་སྩོལ་བ་བཅས་སོ།།

༄༅། །ལོ་འཁོར་རྒྱུགས་སྤྲོད།
ལོ་འཁོར་ཡིག་རྒྱུགས་གཏོང་བའི་ཆ་རྐྱེན་ངེས་པར་དུ་དགོས་པ་ནི། ལོ་རེའི་ཆོས་ཐུན་བརྒྱ་ཆ་བརྒྱད་ཅུ་ཚང་བ་དང་། སློབ་ཚན་སོ་སོའི་རྩ་བ་བློ་རྒྱུགས་དུས་ཚོད་གཏན་འབེབས་ལྟར་ཕུལ་ཟིན་པ། ལོ་དེར་སྒྲིིག་འགལ་གྱི་ཉེས་པ་མེད་པའམ་བཤགས་ཟིན་པ། ལོ་གསུམ་རིང་མུ་མཐུད་རྒྱུགས་སྤྲོད་ཨང་ཚད་མ་ལོན་པ་མིན་པ་རྣམས་གཙོ་བོ་ཡིན། དྲི་ཤོག་ཁག་འདིར་བཞུགས་དང་ཕྱི་རོལ་གྱི་མཁས་དབང་རྣམས་ལ་བཀོད་བཅུག་ནས། རྒྱུགས་བཞེས་པ་ལྷན་འཛོམས་ཐོག་གསང་རྒྱ་བྱས་ཏེ་པར་སྐྲུན་སྐབས་གསང་བ་འཆོལ་བའི་མཐོང་ཐོས་དོགས་གསུམ་བྱུང་རིགས་སླར་ཡང་གསར་བཀོད་གནང་བ་ཡིན། དུས་ཚིགས་ནི་ལོ་ལྟར་བོད་ཟླ་ ༡༠ ཚེས་ ༢༦ ཉིན་སྔ་དྲོ་ཆུ་ཚོད་ ༧:༡༥ ཐོག་དབུ་འཛུགས་བྱེད། རྒྱུགས་སྤྲོད་མ་བཏང་སྔོན་ཟླ་དེའི་ཚེས་ ༣ ནས་ ༢༥ བར་རང་སྦྱོང་བྱེད་རྒྱུའི་དུས་ཡུན་ཉིན་ཉེར་གསུམ་དང་། རྒྱུགས་ཐེངས་ལྔ་ཡོད་པ་རེ་རེའི་བར་ཉིན་གསུམ་རེར་རང་སྦྱོང་གནང་རྒྱུའི་གོ་སྐབས་ཡོད། རྒྱུགས་དངོས་ཀྱི་དུས་ཡུན་ཆུ་ཚོད་གསུམ་དང་ཞུ་དག་ཆེད་སྐར་མ་བཅོ་ལྔ་ཡིན། དེའི་རིང་ངེས་པར་བྲི་དགོས་པའི་དྲི་ལན་དང་གཞན་རྣམས་གདམ་ངའི་སྒོ་ནས་བྲི་དགོས། ཁྱད་པར་དུ་རྒྱུགས་དངོས་སྐབས་རྒྱུགས་སྤྲོད་ཁང་དུ་སློབ་ཕྲུག་རྣམས་སྡོད་ས་རྒྱང་བཀྱེད་ནས་ཞབས་སྟེགས་ཨང་སྦྱར་བའི་གོ་རིམ་ལྟར་སོ་སོའི་གདན་ལ་འཁོད་རྗེས། འབྲི་ཤོག་མདུན་ངོས་ཀྱི་ས་མིག་རྣམས་སུ། རྒྱུགས་འབུལ་ཡུལ། སོ་སོའི་འཛིན་རིམ། ཉིན་དེའི་རྒྱུགས་ཀྱི་སློབ་ཚན། གཟའ་དང་ཚེས་གྲངས། ཞབས་སྟེགས་ཀྱི་ཨང་རྣམས་བྲི་དགོས། རང་རང་གི་མིང་དང་མིང་གཞུང་ཨང་བྲི་མི་ཆོག དེ་རྗེས་སློབ་ཚན་སོ་སོའི་དྲི་བ་རྣམས་ཞིབ་ཚགས་བཀླག  དྲི་བ་ཁག་གསལ་ཁ་མེད་ཚེ་སྐབས་ཐོབ་ཀྱི་རྒྱུགས་བཞེས་མཁན་སློབ་ལ་བཀའ་འདྲི་ཞུ་བ་ལས། སློབ་ཕྲུག་ཕན་ཚུན་གླེང་མོལ་དང་ཡིག་འབྲེལ་དཔེ་ལྟ་སོགས་བྱེད་པ་དོ་དམ་པས་གཟིགས་རྟོགས་བྱུང་ཚེ་རྒྱུགས་སྤྲོད་ལས་ཕྱིར་འབུད་བྱེད། མཐའ་གྲུབ་རྗེས་འཛིན་གྲྭ་སོ་སོའི་རྒྱུགས་ཤོག་འཇོག་གནས་སུ་སོ་སོར་མ་ནོར་བར་འབུལ། དེ་རྗེས་དོ་དམ་པས་འཛིན་རིམ་སོ་སོའི་རྒྱུགས་ཤོག་རྣམས་མཁས་དབང་རྣམས་ལ་འབུལ་བར་བྱེད། སླར་ཨང་ཐོབ་འབྱོར་ཚེ་དོ་དམ་ལྷན་འཛོམས་ཐོག་གསང་ཞིབ་ཀྱིས་རྒྱུགས་སྤྲོད་ཐེངས་ལྔའི་ཨང་བསྡོམས་གྲུབ་དོན་ཤོག་ལྷེའི་སྟེང་དུ་བཀོད་ནས་བརྒྱ་ཆ་དྲུག་ཅུའི་བར་ཡན་ཆོད་ལོན་པ་དང་། བརྒྱ་ཆ་ལྔ་བཅུ་ནས་དྲུག་ཅུའི་བར་དང་། བརྒྱ་ཆ་ལྔ་བཅུར་མ་ལོངས་པ་བཅས་སྡེ་ཚན་གསུམ་དུ་ཕྱེ། སྤྱིར་རྩ་བའི་སློབ་ཚན་ལ་ཨང་ ༤༠ དང་། ཡན་ལག་སློབ་ཚན་ལ་ཨང་ ༣༥ ལེན་དགོས། ཨང་བཞི་དང་ལྔས་མ་འདངས་ན་བསྐྱར་རྒྱུགས་གཏོང་ཆོག སྡེ་ཚན་དང་པོ་ལས་ཨང་དང་པོ་དང་གཉིས་པ་གསུམ་པ་བཅས་ལ་ཆེས་མཐོའི་རྒྱུན་ལས་མཆོག་ནས་གཟེངས་རྟགས་བསྩལ་ཞིང་འདུས་སྡེ་བྱིངས་ལ་བླང་དོར་གྱི་བཀའ་སློབ་ཟབ་མོ་གནང་ནས་ལོ་གཅིག་གི་ཡིག་རྒྱུགས་ཀྱི་གྲུབ་དོན་མཐའ་བསྡུ་བའོ།། 
༄༅། །མདོ་རྒྱུད་གོང་འོག་གི་ཕྱག་ཁྱེར།
སྔ་འགྱུར་མཐོ་སློབ་ཆེན་མོ་འདི་ནས་རྒྱ་བོད་མཁས་པའི་གཞུང་ལུགས་ལ་སློབ་སྦྱོང་གནང་བའི་དཔང་རྟགས་སུ་ལོ་རེའི་འཛིན་གྲྭ་རྒྱུགས་སྤྲོད་ཀྱི་གྲུབ་འབྲས་གསལ་བའི་ཕྱག་ཁྱེར་རེ་བོད་ཟླ་  ༢ པའི་ཚེས་ ༨ ཉིན་ཆེས་མཐོའི་རྒྱུན་ལས་ཀྱིས་གནང་བཞིན་པ་མ་ཟད། མདོ་གོང་འོག་དག་རྒྱུད་སྡེ་གོང་འོག་རྣམས་ལ་སློབ་སྦྱོང་ཟིན་པའི་རྟགས་སུ་རང་རང་གི་རྒྱུགས་སྤྲོད་ཀྱི་གྲུབ་འབྲས་སོགས་གསལ་བའི་ཕྱག་ཁྱེར་གསུམ་གནང་བཞིན་ཡོད།
དེ་ཡང་སྤྱི་ལོ་  ༡༩༨༣ ཟླ་  ༡ ཚེས་  ༣༡  ཉིན་དགོན་འདིར་མཁས་དབང་ཁག་དང་དགེ་འདུན་མང་ཚོགས་འདུས་པའི་དབུས་སུ། ལྔ་འགྱུར་བསྟན་པའི་དབུ་འཛིན་གཉིས་པ༧སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་འཛིན་རིམ་བཞི་པ་རྫོགས་ཟིན་པའི་སློབ་ཕྲུག  ༡༤ ལ་མཐའ་བྲལ་སྨྲ་བའི་དབང་ཕྱུག་གི་ཕྱག་ཁྱེར་དགྱེས་བསྩལ་གནང། སླར་ཡང་  ༡༩༨༧ ཟླ་  ༣  ཚེས་  ༥  ཉིན་དགོན་འདིར་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་དང་དགེ་འདུན་མང་ཚོགས་འདུས་པའི་དབུས་སུ། ༧སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་མཛད་སྒོ་དང་འབྲེལ་སློབ་ཐོན་པ   ༦ ལ་ངེས་གསང་ལེགས་བཤད་མཛོད་འཆང་། སློབ་ཕྲུག  ༨ ལ་ཕར་ཕྱིན་རབ་འབྱམས་པ། ༡༤ ལ་མཐའ་བྲལ་སྨྲ་བའི་དབང་ཕྱུག་སྟེ། ཡོངས་བསྡོམས་དགེ་འདུན་པ་  ༢༧  ལ་ཕྱག་ཁྱེར་གནང་ཡོད།
༡༩༩༢ ཟླ་  ༤ ཚེས་  ༡༠ ཉིན་དགོན་འདིར་ཆོས་སྡེ་ཁག་གི་སྐུ་མགྲོན་དང་དགེ་འདུན་མང་ཚོགས་འདུས་པའི་དབུས་སུ། སྔ་འགྱུར་བསྟན་པའི་དབུ་ཁྲིད་གསུམ་པ་༧སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་མཆོག་གིས་སློབ་ཐོན་པ་ ༡༡ ལ་ངེས་གསང་ལེགས་བཤད་མཛོད་འཆང་། སློབ་ཕྲུག་  ༡༧  ལ་ཕར་ཕྱིན་རབ་འབྱམས་པ། ༤༦ ལ་མཐའ་བྲལ་སྨྲ་བའི་དབང་ཕྱུག་སྟེ་ཡོངས་བསྡོམས་དགེ་འདུན་པ་  ༧༤ ལ་ཕྱག་ཁྱེར་གནང་ཡོད། ༡༩༩༩ ཟླ་  ༩  ཚེས་  ༢༥
ཉིན་དགོན་འདིའི་འདུ་ཁང་ཆེན་མོའི་སྒོ་འབྱེད་དང་བསྟུན་ཆོས་སྡེ་ཁག་གི་དབུ་ལས་དང་ཕྱི་ནང་གི་སྐུ་མགྲོན། དགེ་འདུན་སྟོང་ཕྲག་མང་པོའི་དབུས་སུ། ༧གོང་ས་ལྷ་མིའི་རྣམ་འདྲེན་མཆོག་གིས་སློབ་ཐོན་པ  ༤༢ ལ་ངེས་གསང་ལེགས་བཤད་མཛོད་འཆང་དང་། ༧སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་མཆོག་གིས་སློབ་ཕྲུག་༡༣༣ ལ་ཕར་ཕྱིན་རབ་འབྱམས་པ། ༢༡༨ ལ་མཐའ་བྲལ་སྨྲ་བའི་དབང་ཕྱུག་སྟེ་ཡོངས་བསྡོམས་དགེ་འདུན་པ་  ༣༩༣ ལ་ཕྱག་ཁྱེར་གནང་ཡོད།
༢༠༠༣  ཟླ  ༤  ཚེས་  ༡༣ ཉིན་དགོན་འདིར་ཆོས་ལུགས་བཞིའི་མཁས་དབང་ཁག་དང་། རྒྱལ་ཁབ་ཕྱི་ནང་གི་སྐུ་ཚབ། དགེ་འདུན་མང་ཚོགས་འདུས་པའི་དབུས་སུ་སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་མཆོག་གིས་སློབ་ཐོན་པ་  ༡༡༦  ལ་ངེས་གསང་ལེགས་བཤད་མཛོད་འཆང་། སློབ་ཕྲུག་ ༡༧༡ ་ལ་ཕར་ཕྱིན་རབ་འབྱམས་པ། ༢༠༥ ལ་མཐའ་བྲལ་སྨྲ་བའི་དབང་ཕྱུག་སྟེ་ཡོངས་བསྡོམས་དགེ་འདུན་པ་ ༤༩༢  ལ་ཕྱག་ཁྱེར་གནང་ཡོད།
༄༅། །མཁན་པོའི་ཕྱག་ཁྱེར།
དེ་ཡང་མཐོ་སློབ་འདིར་ཞུགས་ཏེ་འཛིན་གྲྭ་དགུའི་རིང་རྒྱ་བོད་མཁས་པའི་གཞུང་ལ་ཐོས་བསམ་མཐར་ཕྱིན་གནང་ནས་འཛིན་གྲྭ་རྫོགས་རྗེས། བསླབ་སྡོམ་དག་ཅིང་ལོ་མང་པོར་སློབ་ཁྲིད་གནང་བ་སོགས་ཉམས་མྱོང་ལེགས་པར་བསགས་པ་ཙམ་དུ་མ་ཟད། ཆོས་རྒྱལ་དྲི་མ་མེད་པའི་མདོ་ལས། ཚུལ་གནས་ཐོས་དང་ཏིང་འཛིན་གྱིས། །ལུས་གཙང་སྨྲ་མཁས་སེམས་མི་གཡོ། །སེམས་ཅན་ཀུན་ལ་བྱམས་སེམས་ལྡན། །དེ་འདྲ་བཤེས་གཉེན་དམ་པར་མཛད། །ཅེས་པ་ལྟར་གཞི་ཚུལ་ཁྲིམས་རྣམ་པར་དག་པས་ལུས་གཙང་། གཞུང་ལུགས་རབ་འབྱམས་ལ་ཐོས་བསམ་མཐར་ཕྱིན་མཛད་ཅིང་ཐོས་དོན་འཆད་པ་ལ་སྨྲ་མཁས་ལྡན་པ། ཞི་ལྷག་གི་ཏིང་ངེ་འཛིན་ལ་སྦྱངས་པ་གང་འཚམས་ཤིག་དང་ལྡན་པས་སེམས་མི་གཡོ་བ། དེ་བཞིན་དུ་སེམས་ཅན་ལ་བྱམས་སེམས་ཅན་ཏེ་ཡོན་ཏན་བཞི་དང་ལྡན་པ་ཞིག་ལ་མཁན་པོོའི་མཚན་གནས་སམ་མདོ་རྒྱུད་ངེས་དོན་བསྟན་པའི་སྣང་བྱེད་ཅེས་པའི་ཕྱག་ཁྱེར་འབུལ་བཞིན་ཡོད།
དེ་ཡང་སྤྱི་ལོ་  ༡༩༨༩ ཟླ་   ༤  ཚེས་ ༢༠ ཉིན་༧སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་མཆོག་གིས་འདི་ནས་སྦྱངས་པ་མཐར་སོན་པ་འཇམ་དབྱངས་ཚེ་རིང་། དབང་ཕྱུག་བསོད་ནམས། བཀྲ་ཤིས་ཚེ་རིང་། ཚེ་རིང་རྡོ་རྗེ། འཇིགས་མེད་སྐལ་བཟང་སྟེ་ལྔ་ལ་མདོ་རྒྱུད་ངེས་དོན་བསྟན་པའི་སྣང་བྱེད་ཅེས་པའི་ཕྱག་ཁྱེར་གནང་།
རྣམ་གླིང་མཁན་ཐོག་དང་པོའི་མཁན་རིན་པོ་ཆེ་རྣམས་ཀྱི་སྐུ་པར།
༡༩༩༥ ཟླ  ༡  ཚེས་  ༡༠ ཉིན༧སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་མཆོག་གིས་འདི་ནས་སྦྱངས་པ་མཐར་སོན་པ་རྡོ་རྗེ་དཔལ་བཟང་། དཀོན་མཆོག་བསྟན་འཛིན། པདྨ་ཆོས་འཕེལ། ཀུན་བཟང་བདེ་ཆེན། དཔལ་ལྡན་གྲུབ་པ། སངས་རྒྱས་རང་བྱུང་། སྐལ་ལྡན་ཐར་པ། རྡོ་རྗེ་ཚེ་རིང་སྟེ་དགུ་ལ་མདོ་རྒྱུད་ངེས་དོན་བསྟན་པའི་སྣང་བྱེད་ཅེས་པའི་མཚན་གནས་གནང་།།
རྣམ་གླིང་མཁན་ཐོག་གཉིས་པའི་མཁན་རིན་པོ་ཆེ་རྣམས་ཀྱི་སྐུ་པར།
༡༩༩༩  ཟླ ཚེས་  ༢༩ ཉིན་༧སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་མཆོག་གིས་འདི་ནས་སྦྱངས་པ་མཐར་སོན་པ་གྱང་ཁང་སྤྲུལ་སྐུ་རིན་པོ་ཆེ། ཚེ་དབང་བསོད་ནམས་། སངས་རྒྱས་དབང་འདུས། ཀརྨ་དབང་རྒྱལ། སྐལ་བཟང་ཉི་མ། བསྟན་འཛིན་ནོར་རྒྱས། རྟ་མགྲིན་སྲི་ཐུབ། འགྱུར་མེད་ཀུན་བཟང་བསྟན་འཛིན། ཨོ་རྒྱན། བཤད་སྒྲུབ་ཉི་མ་སྟེ་བཅུ་ལ་མདོ་རྒྱུད་ངེས་དོན་བསྟན་པའི་སྣང་བྱེད་ཅེས་པའི་མཚན་གནས་བསྩལ།
རྣམ་གླིང་མཁན་ཐོག་གསུམ་པའི་མཁན་རིན་པོ་ཆེ་རྣམས་ཀྱི་སྐུ་པར།
༢༠༠༣  ཟླ་  ༤  ཚེས་  ༡༣ ཉིན་༧སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་མཆོག་གིས་འདི་ནས་སྦྱངས་པ་མཐར་སོན་པ་འཆི་མེད་ཚེ་རིང་། མཁྱེན་བརྩེ་དཔལ་ལྡན། པདྨ་ཀུན་བཟང་། མཁྱེན་བརྩེ་ནོར་བུ། ངག་དབང་བསྟན་འཛིན་དབང་ཕྱུག བཀྲ་ཤིས་ནོར་བུ། ངག་དབང་བློ་བཟང་། ངག་དབང་ཤེས་རབ་ལྷུན་གྲུབ། པ་སངས་ཚེ་རིང་། བསྟན་འཛིན་ཕྲིན་ལས། ཉི་མ་དོན་གྲུབ། དཀར་ཆོས། པདྨ་ལྷུན་གྲུབ། ཡེ་ཤེས་རྡོ་རྗེ། འགྱུར་མེད་སངས་རྒྱས་དབང་འདུས། བཀྲ་ཤིས་རྡོ་རྗེ། རྡོ་རྗེ་རྒྱལ་མཚན། བསོད་ནམས་སྟོབས་རྒྱས། པདྨ་འཇམ་དབྱངས། རིན་ཆེན་རྟ་མང་། ཕུར་པ་ཕྲིན་ལས། དངོས་གྲུབ་བཟང་པོ། བསོད་ནམས་དབང་ཕྱུག ཀུན་བཟང་འབྲུག་པ། ངག་དབང་དགེ་ལེགས། ཕུན་ཚོགས་འཇིགས་མེད། དཔལ་འབྱོར་ཚེ་རིང་། པདྨ་རྡོ་རྗེ་སྟེ་ཉེར་བརྒྱད་ལ་མདོ་རྒྱུད་ངེས་དོན་བསྟན་པའི་སྣང་བྱེད་ཅེས་པའི་མཚན་གནས་བསྩལ།། །།
༄༅། །སྐྱོར་དཔོན་གྱི་སྐོར།
སྤྱིར་བཏང་སྐྱོར་དཔོན་ནི་མཁན་སློབ་དགེ་བའི་བཤེས་གཉེན་རྣམ་པས་སློབ་ཁྲིད་གནང་ཚར་བའི་གཞུང་ལུགས་དེ་ཉིད་བསྐྱར་དུ་སློབ་གཉེར་གསར་བུ་བ་རྣམས་ལ་ཁྲིད་མཁན་གྱི་དགེ་རྒན་ཞིག་ཡིནལ། སྔ་འགྱུར་མཐོ་སློབ་འདི་ལྟ་བུར་མཚོན་ན་སྐྱོར་དཔོན་ཁག་སློབ་ཕྲུག་གི་ནང་ལོ་རིམ་བརྒྱད་པ་ཡན་ནས་བསྐོ་བཞག་གནང་བ་ལས། འདི་ནས་སྦྱངས་པ་མཐར་སོན་པའིམཁན་སློབ་རྣམས་སྐྱོར་དཔོན་དུ་བསྐོ་སྲོལ་མེད། སྔོན་བསྐོས་ཟིན་པའི་སྐྱོར་དཔོན་ཁག་འཛིན་གྲྭ་ཐོན་རྗེས་སྐྱོར་དཔོན་གསར་པ་ཁག་བསྐོ་བཞིན་ཡོད། དེ་ཡང་ལོ་ལྟར་དཔེ་ཁྲིད་དབུ་མ་བཙུགས་པའི་སྔོན་ནས་རྒྱུན་ལས་མཁན་སློབ་ཚང་འཛོམས་ཐོག་སློབ་ཕྲུག་རྣམས་ལས་ཤེས་ཚད་སོགས་ཕྱོགསས་གང་ཐད་ནས་སྐྱོར་དཔོན་གྱི་འོལ་ཆོས་ཚང་རིགས་ལ་མཁན་སློབ་རྣམས་ཀྱིས་མང་མོས་འོས་བསྡུ་ལམ་ནས་སྐྱོར་དཔོན་དུ་གསར་བསྐོ་གནང་བཞིན་ཡོད།། །།